Please log in to access this page.

US Agency for Global Media USAGM

News and Information from Around the World

62 Items
13 Sep 2026, 15:15 GMT བདེ་སྐྱིད་ཀུན་སྒྲོལ།་

ཨ་རིར་གནས་སྡོད་རྒྱ་རིགས་གསར་འགོད་པ་ཞིག་གིས་དངོས་བདེན་གནས་ཚུལ་ལ་གཞིཊ་ཏེ་རྒྱ་རིགས་རྣམས་ཀྱི་བཙན་བྱོལ་བོད་མིར་ལྟ་ཕྱོགས་དངོས་ལ་ཞིབ་འཇུག་གིས་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་པའི་དྲིལ་བསྒྲགས་ལས་ལྡོག་སྟེ་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་གསུངས་བྱུང་། (Far from the rooftop of the world) ཞེས་འཛམ་གླིང་གི་ཡང་རྩེ་ནས་རྒྱང་ཐག་རིང་བ་ཞིག་ནས། ཞེས་ཨ་རིར་གནས་བཞུགས་རྒྱ་རིགས་གསར་འགོད་པ་ཨེ་མི་ཡི་ཡིས་གླིང་ཆེན་བཞིའི་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་གཏམ་རྒྱུད་ལ་རྗེས་སུ་འབྲངས་ཏེ། བོད་མི་རྣམས་བོད་བཞག་སྟེ་བཙན་བྱོལ་ལུང་པར་གྱར་དགོས་བྱུང་སྟེ་གཞིས་ཆགས་ཚུལ་དང་། བརྒྱུད་རིམ་དེའི་ཁྲོད་བོད་ཀྱི་ངོ་བོ་དང་སྐད་ཡིག་རིག་གཞུང་སོགས་རྒྱུན་འཛིན་བྱེད་ཕྱོགས་ཀྱི་རྣམ་པ་དང་འབྲེལ་བའི་སྐོར་དཔེ་དེབ་ཅིག་བརྩམས་ཡོད་པ་དེའི་ཐོག་བགྲོ་གླེང་གནང་ཡོད་པ་རེད་ལ། འདི་ནི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཐོབ་པའི་རྗེས་སུ་བོད་མིའི་གནས་སྟངས་ཐད་ཉམས་ཞིབ་བྱེད་རྒྱུའི་འདུན་པ་སྐྱེས་པ་ཞིག་རེད་འདུག དེ་ཡང་ཨེ་མི་ཡིས་ལགས་ཀྱིས། “དེ་སྔ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། ངས་གསར་འགྱུར་བཀོད་ཆེད་རྡ་སར་བཅར་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་གཙོ་སྐྱོང་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་ལ་བཅར་རྒྱུའི་གོ་སྐབས་བྱུང་། ༧གོང་ས་མཆོག་གིས་གསར་འགོད་གསལ་བསྒྲགས་གྲུབ་རྗེས་༧གང་ཉིད་ཀྱིས་ང་ལ་གཟིགས་ཏེ་རྒྱ་རིགས་ཤིག་ཡིན་པ་མཁྱེན་དུས་ངའི་མགྲམ་པར་བྱམས་པོ་གནང་ཞིང་། སྐབས་དེར་བཀའ་གནང་དོན་ལ་གནད་དོན་འདི་དག་ནི་བོད་དང་རྒྱ་ནག་དབར་གྱི་གནད་དོན་ཡིན་པས་ང་ཚོས་ཕན་ཚུན་སྐད་ཆ་གཤོད་དགོས། ཁྱེད་ཀྱིས་ལན་བྱོས་ཨ་ཞེས་བཀའ་གནང་བྱུང་བས། སྐབས་དེར་ང་ལ་ཚོར་བ་དམིགས་བསལ་ཅན་ཞིག་བྱུང་ལ། སྐབས་དེར་བཞུགས་སྒར་དུའང་བོད་མི་རྣམས་ཀྱིས་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་དང་མར་མེ་ཁྲོམ་སྐོར་སོགས་བྱེད་བཞིན་པ་མཐོང་དུས། དེ་ལྟ་བུ་ནི་བོད་ནང་རང་དབང་མེད་པས། བཙན་བྱོལ་ནང་དུ་བོད་མི་རྣམས་ཀྱིས་རང་དབང་སྤྱོད་བཞིན་པར་ཧ་ཅང་ཡ་མཚན་པོ་བྱུང་།” ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། གཞན་ཡང་ཁོང་གིས་སྤྱིར་བཙན་བྱོལ་བོད་མི་རྣམས་ཀྱི་སྤྱི་ཡོངས་ཀྱི་བཟང་སྤྱོད་ལྡན་པའི་གཤིས་ཀ་སོགས་ལ་ཡིད་སྨོན་ཆེན་པོ་སྐྱེ་ཡི་ཡོད་པ་གསུངས་བྱུང་། དེ་ཡང་ཁོང་གིས། “རྒྱ་རིགས་མང་པོ་ཞིག་གིས་དེ་སྔ་རྒྱ་ནག་ཏུ་བསྡད་སྐབས་བོད་དོན་སྐོར་རྒྱ་ནག་གཞུང་ངོས་ནས་བཤད་པ་ལས། གཞན་གསལ་པོ་ཤེས་ཀྱི་མེད་ཀྱང་། ད་ཆ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་རྒྱ་རིགས་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་དང་བཙན་བྱོལ་བོད་མི་རྣམས་དང་ཐུག་འཕྲད་སོགས་བརྒྱུད། རྒྱ་ནག་མི་སེར་དང་བོད་མི་གཉིས་ཀའི་མངོན་འདོད་གཅིག་པ་ཡིན་ཏེ། གཉིས་ཀས་རང་དབང་འདོད་ཀྱི་ཡོད་པ་ཤེས་རྟོགས་ཐུབ་ཡོད། ངས་དེབ་དེ་བྲིས་པའི་བརྒྱུད་རིམ་ཁྲོད་རྡ་ས་དང་ལྡི་ལི། ལྷོ་ཕྱོགས་སྦེ་ལ་ཀོ་པི་ཁུལ་གྱི་བོད་མི་མང་དག་ཅིག་དང་ཐུག་འཕྲད་བྱུང་སོང་། ཁོ་ཚོས་ང་རྒྱ་མི་ཞིག་ཡིན་པར་མི་དགའ་བ་བྱེད་རྒྱུ་ལས་ལྡོག་སྟེ། དེ་བས་དགའ་བ་བྱེད་ཀྱི་འདུག་ལ། ཐེངས་གཅིག་ངས་བོད་མི་ཞིག་ལ་སྐད་ཆ་ཡང་དྲིས་མྱོང་ཡོད་ལ་སྐབས་དེར་ཁོང་གིས། ང་ཚོ་རྒྱ་ནག་གཞུང་ལ་དགའ་པོ་མེད་པ་མ་གཏོགས་རྒྱ་ནག་མི་མང་ལ་མི་དགའ་བ་བྱེད་ཀྱི་མེད་ཅེས་གསུངས་དུས། ཚོར་བ་དམིགས་བསལ་ཅན་ཞིག་བྱུང་།” ཞེས་གསུང་གི་འདུག ཨེ་མི་ལགས་ཀྱིས་བརྩམས་པའི་དཔེ་དེབ་དེའི་ནང་། དགེ་འདུན་པ་སྟོབས་ལྡན་ལགས་དང་། མ་བྱན་དང་ཆབ་སྲིད་བཙོན་ཟུར་ནོར་བུ། ལྷ་ས་ནས་ཁོ་ཚོའི་འབྲིང་རིམ་འཚོ་བ་བཞག་སྟེ་བཙན་བྱོལ་དུ་ཡོང་དགོས་བྱུང་བའི་བཟའ་ཚང་བདེ་སྐྱིད་དང་དོན་གྲུབ་བཅས་ལ། རྒྱ་གར་གྱི་ས་གནས་ཁག་དང་། གླིང་ཆེན་བཞིའི་ནང་བསྐྱོད་པར་རྗེས་དེད་བྱས་ཏེ། ས་གནས་དེ་དག་གི་ནང་ཁོ་ཚོས་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་འཚོ་བ་དང་མི་ཚེ་གསར་པ་སྐྱེལ་པ་དང་། གཞན་ཡུལ་དུ་བོད་ཀྱི་ངོ་བོ་དང་རིག་གཞུང་རྒྱུན་འཛིན་ཇི་ལྟར་བྱེད་བཞིན་པའི་རྣམ་པ་ཞིག་བཀོད་འདུག་ལ། རྩོམ་པ་པོ་དང་གསར་འགོད་པ་ཨེ་མི་ཡི་ཡིས། དཔེ་དེབ་དེ་ནི་ད་ཆ་དབྱིན་ཡིག་ཏུ་ཡོད་ཀྱང་ཁོང་གིས་རིང་མིན་དཔེ་དེབ་དེ་རྒྱ་ཡིག་ཏུ་བསྒྱུར་ཏེ། དམིགས་བསལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་རྒྱ་རིགས་མང་པོར་སྙོབ་ཐུབ་པའི་རེ་བ་གནང་གི་འདུག གཞན་ཡང་དཔེ་དེབ་དེའི་སྔོན་གླེང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེབ་དེའི་བརྒྱུད་ཀློག་པ་པོ་ཚོས་བོད་མི་རྣམས་ཀྱི་ཞི་བདེ་དང་ཆེ་མཐོང་ལྡན་པའི་ཐོག་རང་དབང་གི་རེ་འདུན་སོགས་ཀྱི་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་པའི་ཕྱག་བྲིས་སྩལ་འདུག ཨ་རིར་གནས་སྡོད་རྒྱ་རིགས་ (Amy Yee) ལགས་ནི་ད་ལྟའི་ཆར་ Chicago Sun Times ནང་གསར་འགོད་ལས་རིགས་གཉེར་བཞིན་པ་དང་། ཁོང་གིས་དེ་སྔ་གསར་འགྱུར་ལས་ཁང་ཆེ་ཁག་ནང་ཕྱག་ལས་དང་རྩོམ་རིག་འདོན་སྤེལ་སོགས་ཀྱང་གནང་མྱོང་ཡོད་འདུག པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download options
12 Sep 2026, 20:52 GMT བདེ་སྐྱིད་ཀུན་སྒྲོལ། , བསྟན་འཛིན་དོན་ཡོད།

ལས་འགུལ་བ་རྣམས་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་ཏེ། Mandawali ཉེན་རྟོག་ལས་ཁུངས་སུ་ཁྲིད་འདུག

Download Video
RFA logo
Video
Credit: བདེ་སྐྱིད་ཀུན་སྒྲོལ། , བསྟན་འཛིན་དོན་ཡོད།
12 Sep 2026, 20:52 GMT བདེ་སྐྱིད་ཀུན་སྒྲོལ། , བསྟན་འཛིན་དོན་ཡོད།

བོད་མི་ ༥༠ ཙམ་གྱིས་སྦརིཀསི་ཚོགས་འདུ་ཚོགས་ཡུལ་གྱི་ཉེ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ།རྒྱ་གར་གྱི་ཉེན་རྟོག་པས་ལས་འགུལ་བ་འཛིན་བཟུང་དོ་དམ་བྱས་ཏེ་མན་ཌ་ཝ་ལི་ (Mandawali) ཉེན་རྟོག་ལས་ཁུངས་སུ་ཁྲིད་འདུག བོད་མི་ལས་འགུལ་བ་ ༥༠ ཙམ་གྱིས་ལྡི་ལིའི་སྦརིཀསི་ཚོགས་འདུ་ཚོགས་ཡུལ་ Bharat Mandapam གྱི་ཉེ་འགྲམ་དུ་རྒྱ་ནག་གཞུང་ལ་གློ་བུར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཞིང་། ལས་འགུལ་བ་རྣམས་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་ཏེ། Mandawali ཉེན་རྟོག་ལས་ཁུངས་སུ་ཁྲིད་འདུག སྦརིཀསི་ཚོགས་འདུ་ཚོགས་ཡུལ་ཉེ་འགྲམ་དུ་གློ་བུར་དུ་ལས་འགུལ་སྤེལ་མཁན་བོད་མི་ ༥༠ འཇུ་བཟུང་གིས་མན་ཌ་ཝ་ལི་ཉེན་རྟོག་ཁང་དུ་ཁྲིད་འདུག ༢༠༢༦།༠༩།༡༢ (RFA Tibetan) དེ་ཡང་ཐེངས་འདིའི་བོད་མི་ལས་འགུལ་བ་རྣམས་འདི་ཚེས་ ༡༡ ཉིན་ལྡི་ལིར་སྤེལ་བའི་ནང་མཉམ་ཞུགས་གནང་མཁན་མ་ཡིན་པར་ལྡི་ལི་ཡི་ཕྱི་ཕྱོགས་རྒྱ་གར་གྱི་ས་གནས་གཞན་ཁག་ཅིག་ནས་ཆེད་དུ་སླེབས་པའི་བོད་མི་ལས་འགུལ་བ་ཤ་སྟག་རེད་འདུག ཞི་ཅིན་ཕིང་མཉམ་ཞུགས་བྱས་པའི་སྦརིཀསི་ཚོགས་འདུ་ཚོཊ་ཡུལ་གྱི་ཉེ་འགྲམ་དུ་ངོ་རྒོལ་བྱས་རྐྱེན་བོད་མི་དེ་དག་མན་ཌུ་ཝ་ལི་ཉེན་རྟོག་ཁང་དུ་བཀག་ཉར་བྱས་པ། ༢༠༢༦།༠༩།༡༢ (RFA Tibetan) རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་འདི་ཚེས་ ༡༢ ཉིན་རྒྱབ་ཆུ་ཚོད་ ༡༢:༢༥ ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཞིང་། འདི་ནི་ལོ་བདུན་གྱི་རྗེས་སུ་རྒྱ་གར་དུ་ཕྱོགས་བསྐྱོད་ཐོག་མ་དེ་ཆགས་ཀྱི་འདུག་ལ། རྒྱ་དཀར་ནག་གཉིས་ཀྱི་དབར་ ༢༠༢༠ ལོར་མཐའ་མཚམས་སུ་གདོང་ཐུག་བྱུང་རྗེས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བའི་རྗེས་ཉེ་བའི་ལོ་འདིའི་ནང་ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་པའི་དུས་སྐབས་ཤིག་ཡིན་ལ། རྒྱ་གར་གཞུང་ངོས་ནས་སྤྱི་ཡོངས་ཀྱི་བདེ་འཇགས་སོགས་ཀྱི་ཆེད་རྒྱལ་ས་ལྡི་ལིའི་ཁུལ་དུ་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་འདུག་ལ། ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་སྐབས་སུའང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ངོས་ནས་དམིགས་སུ་ས་གནས་དེར་བསྐྱོད་དེ། ལས་འགུལ་བར་སྐད་ཆ་བཤད་ཐབས་བྱས་ཀྱང་ཉེན་རྟོག་པས་གཅིག་རྗེས་གཉིས་མཐུད་ཀྱིས་ལས་འགུལ་བ་ཡོངས་རྫོགས་ཉེན་རྟོག་པའི་མོ་ཊའི་ནང་བཅུག་སྟེ་བཙོན་ཁང་དུ་ཁྲིད་ཕྱིན་སོང་། རྒྱ་གར་གྱི་ཉེན་རྟོག་པས་ལས་འགུལ་བ་འཛིན་བཟུང་དོ་དམ་བྱས་ཏེ། Mandawali ཉེན་རྟོག་ལས་ཁུངས་སུ་ཁྲིད་འདུག སྦརིཀསི་ཚོགས་འདུའི་ཉིན་དང་པོ་དང་མཉམ་རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་དབར་ཟུར་དུ་ཚོགས་འདུ་ཤིག་འཚོགས་ཏེ། ཕྱོགས་གཉིས་ཀས་ཕན་ཚུན་གྱི་འབྲེལ་བ་སྲ་བརྟན་དང་འཐབ་བྱུས་ལྡན་པའི་ཐོག་ནས་མ་འོངས་པའི་རྒྱལ་ཁབ་ཡར་རྒྱས་གཏོང་ཕྱོགས་སྐོར་བསམ་བློ་གཏོང་དགོས་པའི་གྲོས་མོལ་བྱུང་ཡོད་པ་རེད། གཞན་འདི་ཚེས་ ༡༡ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་གིས་སྦརིཀསི་ཚོགས་འདུ་ཚོགས་སའི་ཉེ་འགྲམ་དུ་ལྕགས་ཧྲེང་སྟེང་འཛེཊ་ཏེ་ཞི་ཅིན་ཕིང་མི་རིགས་རྩ་མེད་བཟོ་མཁན་ཞེས་པའི་འཕྲེད་དར་དང་བོད་ཀྱི་རྒྱལ་དར་སོགས་ཕྱར་བའི་ལས་འགུལ་སྤེལ་བར་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་ཡོད་པ་རྣམས་ནི། མུ་མཐུད་རྒྱ་གར་རྒྱལ་ས་ལྡི་ལིའི་ཏི་ཧར་ (Tihar Jail) བཙོན་ཁང་དུ་བཀག་ཉར་འོག་ཡོད་པ་དང་། ཚོགས་པའི་འབྲེལ་ཡོད་ཀྱིས་འདི་ཚེས་ ༡༤ བར་ལས་འགུལ་བ་དེ་དག་བཀག་ཉར་བྱ་རྒྱུ་ཡིན་པ་གསུངས་འདུག འོན་ཀྱང་ཞི་ཅིན་ཕིང་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་ལ་ཐོན་མ་ཐག་བོད་མི་ལས་འགུལ་བ་རྣམས་གློད་བཀྲོལ་བཏང་ཡོད་པ་རེད། ལས་འགུལ་བ་ཡོངས་རྫོཊ་གློད་བཀྲོལ་བཏང་པ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དེ་དག་ཕྱི་ཚེས་ ༡༣ ཉིན་གློད་བཀྲོལ་བཏང་སྟེ་ཕྱི་དྲོ་རྒྱ་གར་རྒྱལ་ས་ལྡི་ལིར་བོད་མི་ཚོས་དགའ་བསུའི་ཁྲོད་བསམ་ཡས་གླིང་གཞིས་སྒར་དུ་ཕྱིར་ལོག་གནང་ཡོད་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་གཞོན་ལྷན་གྱི་ཚོགས་མི་ལས་འགུལ་བ་ཡོངས་རྫོགས་གློད་བཀྲོལ་བཏང་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་འདི་ཚེས་ ༡༣ གྱི་ཉིན་རྒྱབ་ཏུ་རྒྱ་གར་ནས་རྒྱ་ནག་ལ་ཕྱིར་ལོག་ཕྱིན་པ་དང་བསྟུན། ཉེ་ལམ་སྦརིཀསི་ཚོགས་འདུར་ངོ་རྒོལ་གནང་མཁན་བོད་མི་ལས་འགུལ་བ་རྒྱ་གར་ཉེན་རྟོག་པས་དོ་དམ་བྱས་པ་ཡོངས་རྫོགས་ཉིན་དེ་རང་ལ་གློད་བཀྲོལ་བཏང་འདུག་ལ། ཞི་ཅིན་ཕིང་རྒྱ་གར་དུ་འབྱོར་བར་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བརྒྱ་ཆ་ ༩༠ ལྷག་བོད་མི་གཞོན་སྐྱེས་དང་། མི་ཚེའི་ནང་བཙོན་ཁང་དུ་ཐེངས་དང་པོ་བཀག་ཉར་འོག་བསྡད་མྱོང་མཁན་ཤ་སྟག་ཆགས་ཀྱི་འདུག བོད་མི་གཞོན་སྐྱེས་ལས་འགུལ་བ་རྣམས་ཀྱིས་བཙོན་ཁང་ནས་གློད་བཀྲོལ་ཐོབ་མཚམས་འདི་ག་ཨེ་ཤེ་ཡ་རང་དང་རླུང་འཕྲིན་ཁང་གི་བཅར་འདྲིར་ལན་འདེབས་གནང་སྐབས། ལས་འགུལ་དེ་རིགས་ནི་ཁོང་རྣམས་ཀྱིས་བོད་པ་ཡིན་པའི་ཆ་ནས་ལས་འགན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་གསུང་གི་འདུག དེ་ཡང་ཚེས་ ༡༡ ཉིན་སྦརིཀསི་ཚོགས་འདུ་ཚོགས་སའི་ཉེ་འགྲམ་གྱི་ས་ཚིགས་ཤིག་ཏུ་ལྕགས་ཧྲེང་སྟེང་དུ་འཛེགས་ཏེ་ཞི་ཅིན་ཕིང་ནི་མི་རིགས་རྩ་མེད་བཟོ་མཁན་ཞེས་དང་། བོད་ཀྱི་རྒྱལ་དར་འཕྱར་ཏེ་རྔམ་སྟོན་ལས་འགུལ་སྤེལ་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་གཞོན་སྐྱེས་བསྟན་འཛིན་ནོར་སྒྲོན་ལགས་དང་ཀརྨ་སྒྲོལ་མ་ལགས་གཉིས་ཀྱིས། ཞི་ཅིན་ཕིང་རྒྱ་གར་དུ་བསླེབས་པའི་གོ་སྐབས་དེ་རྗེས་ལ་རགས་མི་སྲིད་པ་ཞིག་ཡིན་པས། བོད་མི་ཞིག་ཡིན་པའི་ཆ་ནས་འགན་ཞིག་ཏུ་ངོས་འཛིན་གྱིས་ལས་འགུལ་དེ་བྱས་ཡིན་ལ། བཙོན་ཁང་ནང་དུའང་ཉེན་རྟོག་པས་དྲི་རྩད་སྐབས་ཁག་ཅིག་གིས་ཐོ་འགོད་སྐབས། ལོ་དེ་འདྲ་ཆུང་ཆུང་ནས་བཙོན་དུ་བསླེབས་པར་ཡ་མཚན་གྱི་རྣམ་པ་སྟོན་སྐབས་ང་ཚོས་སྤོབས་པ་ཆེན་པོའི་སྒོ་ནས་བོད་རང་བཙན་ཆེད་དུ་ཡིན་ཞེས་ལན་འདེབས་བྱས་ཡོད་ཅེས་གསུང་གི་འདུག་ལ། ཁོང་གཉིས་ཀྱིས་རྩ་བའི་ལྕགས་ཧྲེང་དེར་འཛེགས་རྒྱུར་དེ་སྔ་ནས་སྦྱོར་བརྡར་ཐེངས་མང་བྱས་ཡོད་པས་ལས་འགུལ་དེའི་སྐབས་འཛེགས་རྒྱུ་ལས་སླ་པོ་བྱུང་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོག་མི་བསྟན་འཛིན་ཟླ་གསལ་ལགས་ཀྱིས། བོད་ནང་ཛ་དྲག་གནས་སྟངས་འོག ལས་འགུལ་དེ་རིགས་སྤེལ་དུས་སེམས་ནང་སྐྱོ་སྣང་ཆེན་པོ་བྱུང་གི་འདུག་ལ། ཐེངས་འདིའི་ལས་འགུལ་དེའི་ནང་དམིགས་བསལ་གྱིས་མཐོ་སློབ་ཀྱི་སློབ་མ་མང་དག་ཅིག་འཛུལ་ཞུགས་གནང་པ་ཆ་ཚང་ལོ་ཆུང་ཤ་སྟག་ཡིན་པས་སེམས་ཚབས་ཡང་ཆེན་པོ་བྱུང་། འོན་ཀྱང་ལས་འགུལ་དེ་རིགས་ནི་རང་དབང་མེད་པའི་ཆེད་དུ་རང་དབང་འཐབ་རྩོད་ཅིག་རེད་ཅེས་གསུང་གི་འདུག སྦརིཀསི་ཚོགས་འདུ་ཚོགས་ཡུལ་གྱི་ཉེ་འགྲམ་དུ་བོད་པའི་གཞོན་སྐྱེས་འགས་ངོ་རྒོལ་གནང་པར་ཉེན་རྟོག་པས་དོ་དམ་བྱས་འདུག བསྟན་འཛིན་བཟོད་པ་ལགས་ཀྱིས་ལས་འགུལ་དེ་སྤེལ་ནས་ངས་ལས་འགན་ཞིག་གྲུབ་ཡོད་བསམ་པ་ལས་འཇོན་ཡིན་བསམ་གྱི་མི་འདུག་ཅེས་གསུང་གི་འདུག་ལ། བསྟན་འཛིན་བསམ་མཆོག་ལགས་ཀྱིས་ལས་འགུལ་དངོས་སྐབས་མོ་ཊ་ནས་ཐོན་ཏེ་རྒྱུགས་ཤར་གློད་སྐབས་ཚོར་བ་དམིགས་བསལ་ཞིག་བྱུང་ལ། མི་མང་པོ་མཉམ་དུ་ལས་འགུལ་སྤེལ་བ་དེས་ཀྱང་མཉམ་རུབ་ཀྱི་སེམས་ཤུགས་བྱུང་ཞེས་གསུང་གི་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་རྒྱ་གར་གྱི་ཕྱོགས་བསྐྱོད་དེ་ནི་ཆུ་ཚོད་ ༢༤ རིང་རེད་འདུག་ཅིང་། སྦརིཀསི་ཚོགས་འདུའི་གསོལ་སྟོན་ཆེན་མོ་ (Gala dinner) སྐབས་སུའང་མཉམ་ཞུགས་མི་བྱེད་པར་ཐད་ཀར་ཕྱིར་ལོག་ཕྱིན་ཡོད་པ་རེད་འདུག རྩ་བའི་རྒྱ་གར་གྱིས་སྦརིཀསི་ཚོགས་འདུ་གཙོ་སྐྱོང་བྱས་པ་ཐེངས་བཞི་པ་དེ་ཆག་ཀྱི་ཡོད་སྟབས། བོད་མི་ལས་འགུལ་བས་ལས་འགུལ་སྤེལ་སྐབས་སྤྱི་ཡོངས་ཀྱིས་དུས་རྒྱུན་དང་མི་འདྲ་བར་ལྟ་སྲུང་ནན་པོ་བྱས་ཡོད་པ་མཐོང་རྒྱུ་འདུག་ལ། རྒྱལ་ས་ལྡི་ལིའི་ས་ཁུལ་ཡོངས་སུ་ཉེན་རྟོག་པ་འགྲེམས་འཇོག་བྱས་འདུག་ལ། གཞན་སྦརིཀསི་ཚོགས་འདུའི་ཉིན་དང་པོ་དང་མཉམ་རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་དབར་ཟུར་དུ་ཚོགས་འདུ་ཤིག་འཚོགས་ཏེ། ཕྱོགས་གཉིས་ཀས་ཕན་ཚུན་གྱི་འབྲེལ་བ་སྲ་བརྟན་དང་འཐབ་བྱུས་ལྡན་པའི་ཐོག་ནས་མ་འོངས་པའི་རྒྱལ་ཁབ་ཡར་རྒྱས་གཏོང་ཕྱོགས་སྐོར་བསམ་བློ་གཏོང་དགོས་པའི་གྲོས་མོལ་བྱུང་ཡོད་པ་རེད། སྦརིཀསི་ཚོགས་འདུ་དང་རྒྱ་དཀར་ནག་གི་འབྲེལ་བ། སྦརིཀསི་ཚོགས་འདུ་དེ་ནི་རྒྱ་གར་ལ་མཚོན་ན་རྒྱ་ནག་དང་ལྷན་ས་མཚམས་སོགས་གནད་དོན་གལ་ཆེན་ཁག་གི་སྐོར་གླེང་སློང་བྱ་རྒྱུའི་དུས་ལ་བབ་ཡོད་པ། གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག རྒྱ་གར་གྱི་རྒྱ་ནག་གི་འཐབ་བྱུས་ཐོག་གནད་དོན་དབྱེ་ཞིབ་པ་ཚོས་གཙོ་བོར་ཁོར་ཡུག་དང་ས་མཚམས་ཀྱི་གནད་དོན་ཐོག་ལ་སེམས་ཚབས་གསལ་སྟོན་དང་། དེ་དག་གི་སྐོར་གླེང་སློང་ཐུབ་པའི་རེ་བ་གནང་གི་འདུག དེ་ཡང་རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་སྭ་ཏི་ཅའོ་ལ་(Swati Chawla) ལགས་ཀྱིས། ཐེངས་འདིའི་ཚོགས་འདུའི་ནང་ཁོར་ཡུག་བདེ་འཇགས་ཀྱི་གནད་དོན་དང་། ལྷག་པར་ཧི་མ་ལ་ཡའི་ཁུལ་གྱི་གནད་དོན་སྐོར་གྲོས་བསྡུར་དགོས་གལ་ཆེ་བས་དེའི་སྐོར་བཀའ་མོལ་ཞིག་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། ཉེ་ཆར་བལ་བོད་ས་མཚམས་སུ་བྱུང་བའི་འདམ་རུད་ཆུ་ལོག་གི་གོད་ཆག་འཕྲད་པ་དེས། རྒྱ་གར་ལ་ཡང་རྒྱ་ནག་དང་ལྷན་གོད་ཆག་དེ་རིགས་ལ་གདོང་ལེན་གྱི་མཉམ་ལས་ཆེ་རུ་གཏོང་དགོས་པའི་བརྡ་ལན་སྤྲོད་ཀྱི་ཡོད་པས། ས་མཚམས་ཁུལ་དུ་དུས་ཐོག་ཉེན་ཁ་ཡོད་རིགས་སྔོན་བརྡའི་མ་ལག་སྲ་བརྟན་བཟོ་བ་དང་། ཆུ་བོ་ཁག་དང་འབྲེལ་བའི་གནས་ཚུལ་མཉམ་སྤྱོད་བྱེད་པའི་ལམ་སྲོལ་གོང་འཕེལ་གཏོང་རྒྱུའི་ཐད་གླེང་དགོས་གལ་ཆེ་བ་མཐོང་གི་འདུག་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། “ས་མཚམས་དང་ཆུ་བོའི་དཀའ་ངལ་སྐོར་གླེང་རྒྱུའི་དུས་ལ་རན་པ།” ཡང་རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཤྲི་པརྣ་པ་ཋག་ (Sriparna Pathak) ལགས་ཀྱིས། སྦརིཀསི་ཚོགས་འདུ་དེ་ནི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་མི་མཐུན་པའི་ཆ་རྣམས་སྲུང་སྐྱོབ་དང་གབ་ས་ཞིག་མིན་པར། ཐེངས་འདིར་རྒྱ་གར་གྱིས་ཚོགས་འདུ་དེ་བཞིན་གཙོ་སྐྱོང་བྱས་པ་དེས་རྒྱ་གར་ངོས་ནས་སེམས་ཚབས་ཡོད་སའི་གནས་སྟངས་སོགས་ཀྱི་སྐོར་སྐད་ཆ་བཤད་རྒྱུར་འཛེམས་དགོས་དོན་མེད་ལ། ས་མཚམས་དང་ཆུ་བོའི་གནད་དོན་རྣམས་ཀྱི་སྐོར་ཐད་ཀར་ཐེར་འདོན་གྱིས་སྐད་ཆ་བཤད་དགོས་གལ་ཆེ་བ་ཡིན། དེ་དག་གི་སྐོར་བཀའ་མོལ་གནང་རྒྱུ་ད་ལྟའི་ཆར་དུས་ཚོད་རན་པོ་ཞིག་རེད། རྒྱ་དཀར་ནག་དབར་གྷལ་ལྦན་གྱི་དོན་རྐྱེན་བྱུང་རྗེས་སུ་ལོ་ངོ་མང་པོའི་རིང་ཆུ་བོ་དང་འབྲེལ་བའི་གནས་ཚུལ་མཉམ་སྤྱོད་མི་ཐུབ་པ་བྱུང་པའི་རྗེས་སུ། རྒྱ་གར་དུ་རྒྱུག་བཞིན་པའི་ཆུ་རྒྱུན་དེ་དག་ཐོག་རྒྱ་ནག་གཞུང་གིས་ཆུ་མཛོད་རྒྱག་བཞིན་པའི་སྐོར་ཁུ་སིམ་མི་བསྡད་མི་རུང་། རྒྱ་གར་གྱིས་ཕན་ཆེར་ཚོགས་འདུ་དེའི་སྐབས་འཛུགས་སྐྲུན་དེ་དག་གིས་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སྐོར་བཀའ་མོལ་གནང་སྲིད་ཀྱང་། ཐད་ཀར་མ་ཡིན་པར། སྒོ་བརྒྱབ་ཏུ་སྐད་ཆ་བཤད་སྲིད་པ་རེད། གལ་ཏེ་ཨ་རུ་ན་ཅཱལ་གྱི་བདག་དབང་སྐོར་གླེང་ཚེ་རྒྱ་གར་ངོས་ནས་འཛེམས་ཟོན་མེད་པར། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་བརྗོད་ངེས་རེད་ཅེས་གསུང་གི་འདུག ཐེངས་འདིའི་ཚོགས་འདུའི་ཐོག་བོད་དོན་དང་འབྲེལ་བའི་གནད་དོན་སྐོར་དམིགས་བསལ་ཐད་ཀར་གླེང་ཐུབ་ཐབས་དཀའ་བ་ཉམས་ཞིབ་པ་ཁག་ཅིག་གིས་འགྲེལ་བརྗོད་གནང་གི་འདུག དེ་ཡང་རྒྱ་ནག་གི་འཐབ་བྱུས་ཐོག་གི་ཉམས་ཞིབ་པ་འབུམ་རམས་པ་ཨ་པ་ལྷ་མོ་ལགས་ཀྱིས། ཐེངས་འདིའི་ཚོགས་འདུའི་ཁྲོད་བོད་དོན་དང་འབྲེལ་བའི་སྐོར་ཐད་ཀར་གླེང་སློང་བྱེད་མ་སྲིད་ཀྱང་། རྒྱ་གར་གྱི་བདེ་འཇགས་དང་ས་མཚམས་བརྟན་ལྷིང་སོགས་ཀྱི་ཁེ་ཕན་ཆེད་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་དགོས་གལ་ཆེ་ཞིང་། གླེང་དགོས་པའི་དུས་ལ་བབ་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུང་གི་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། ཐེངས་འདིར་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གྲོས་མོལ་བྱེད་བཞིན་པ་དེས། གནས་སྐབས་ས་མཚམས་ཐོག་གི་དཀའ་རྙོག་ཞི་འགྲིག་ཐོག་ཤུགས་གནོན་སྤྲོད་སྲིད་ཀྱང་། ཁྱོན་ཡོངས་ཀྱི་དཀའ་རྙོག་སེལ་ཐུབ་ཐབས་མེད་ཅེས་དང་། གལ་ཏེ་རྒྱལ་ཁབ་ཕྱོགས་གཉིས་དབར་ས་མཚམས་ཀྱི་དཀའ་རྙོག་སེལ་དགོས་ཚེ། ངེས་པར་བོད་ཀྱི་གནད་དོན་གླེང་སློང་དགོས་ཤིང་བོད་ཀྱི་གནད་དོན་ལས་གཡོལ་ཐབས་བྲལ་བ་ཡིན་ལ། བོད་ཀྱི་དཀའ་རྙོག་སེལ་ན་མ་གཏོགས་ཐབས་ཤེས་གཞན་གང་ཡང་མེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད། ཁ་སྣོན། བོད་རང་བཙན་སློབ་ཕྲུག་ཚོགས་མི་གློད་བཀྲོལ་བཏང་པ། ༢༠༢༦།༠༩།༡༣ བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད། བརྙན་ཐུང་སྒྲིག་སྦྱོར་བ། བཀྲ་དབང་། འབྲེལ་ཡོད་གནས་ཚུལ། ཞི་ཅིན་ཕིང་ལོ་བདུན་གྱི་རྗེས་རྒྱ་གར་དུ་འབྱོར་གྱི་ཡོད་པར་བོད་མི་ཚོས་ངོ་རྒོལ་གནང་པ།

Download options
11 Sep 2026, 23:03 GMT བདེ་སྐྱིད་ཀུན་སྒྲོལ།, བསྟན་འཛིན་དོན་ཡོད།

ས་གནས་མི་འདྲ་བ་ ༢༠ ནས་བོད་མི་ ༢༠༠ ལྷག་གིས་ཞི་ལ་ངོ་རྒོལ་གནང་པ།

Download Video
RFA logo
Video
Credit: བདེ་སྐྱིད་ཀུན་སྒྲོལ།, བསྟན་འཛིན་དོན་ཡོད།
11 Sep 2026, 23:03 GMT བདེ་སྐྱིད་ཀུན་སྒྲོལ།, བསྟན་འཛིན་དོན་ཡོད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལོ་བདུན་གྱི་རྗེས་རྒྱ་གར་དུ་འབྱོར་གྱི་ཡོད་པ་དང་བསྟུན། ལྡི་ལིར་བོད་མི་ཚོས་རྒྱ་ནག་གི་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་གནང་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་གཞོན་སྐྱེས་ཁག་ཅིག་གིས་སྦརིཀསི་ཚོགས་འདུ་ཚོགས་སའི་ཉེ་འགྲམ་གྱི་ས་ཚིགས་ཤིག་ཏུ་ལྕགས་ཧྲེང་སྟེང་དུ་འཛེགས་ཏེ་ཞི་ཅིན་ཕིང་ནི་མི་རིགས་རྩ་མེད་བཟོ་མཁན་ཞེས་དང་། བོད་ཀྱི་རྒྱལ་དར་འཕྱར་ཏེ་རྔམ་སྟོན་ལས་འགུལ་སྤེལ་བར། བོད་མི་གཞོན་སྐྱེས་རྣམས་རྒྱ་གར་གཞུང་གིས་འཛིན་བཟུང་དོ་དམ་བྱས་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་དེ་དག་རྒྱ་གར་རྒྱལ་ས་ལྡི་ལིའི་ཏི་ཧར་ (Tihar Jail) བཙོན་ཁང་དུ་ཕྱི་ཚེས་ ༡༤ བར་བཀག་བསྐྱིལ་བྱེད་རྒྱུ་རེད་འདུག བོད་མི་ལས་འགུལ་བ་གསུམ་གྱིས་གཙོ་བོ་འཕྲེད་དར་ཕྱར་ཏེ་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་བརླག་གཏོང་བའི་སྲིད་བྱུས་གསལ་སྟོན་བྱ་ཐབས་གནང་ཡོད་པ་རེད། སྦརིཀསི་ཚོགས་འདུ་ཚོགས་ཡུལ་གྱི་ཉེ་འགྲམ་དུ་བོད་པའི་གཞོན་སྐྱེས་འགས་ངོ་རྒོལ་གནང་པར་ཉེན་རྟོག་པས་དོ་དམ་བྱས་འདུག ཕྱི་ཟླ་ ༩ ཚེས་ ༡༢ དང་ ༡༣ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། སྦརིཀསི་ (BRICS) ཞེས་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། འདི་ནི་རྒྱ་གར་དུ་ཞི་ཅིན་ཕིང་ཕྱོགས་སྐྱོད་ལ་འབྱོར་བ་ལོ་བདུན་གྱི་རྗེས་སུ་ཐོག་མར་ཆགས་ཡོད་ཅིང་། ཕྱི་ཟླ་ ༩ ཚེས་ ༡༡ ཉིན་གྱི་སྔ་དྲོར་རྒྱལ་ས་ལྡི་ལིར་རྒྱ་གར་ནང་གི་ས་གནས་མི་འདྲ་བ་ ༢༠ ནས་བོད་མི་ ༢༠༠ ལྷག་གིས། རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་གར་མི་མང་ལ་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་དང་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་རྣམ་པ་གསལ་སྟོན་ཆེད་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་། བོད་མིའི་དགོས་འདུན། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ནས་ཡིན་པ་པདྨ་སྒྲོལ་མ་ལགས་ཀྱིས་གསུངས་དོན་དུ། ཞི་ཅིན་ཕིང་ལ་བོད་ཀྱི་གནད་དོན་ཐོག་ཐག་གཅོད་སོགས་གང་ཡང་བྱེད་པའི་ཐོབ་ཐང་མེད་ཅིང་། ཁྱེད་རང་རྒྱ་གར་དུ་སླེབས་པར་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་ལ། གཞན་ཡུལ་དུ་ལས་འགུལ་དེ་འདྲ་སྤེལ་དུས་རང་ལ་ལུང་པ་མེད་པས་རང་དབང་མེད་པ་ཤེས་ཀྱི་འདུག་པར་སེམས་ལ་སྐྱོ་སྣང་ཆེན་པོ་བྱུང་གི་འདུག་ཅེས་གསུང་གི་འདུག་ལ། མན་སྤར་ཕན་བདེ་གླིང་གཞིས་ཆགས་ནས་ཡིན་པ་པ་སངས་དོན་གྲུབ་ལགས་ཀྱིས་གསུངས་དོན་དུ། ལས་འགུལ་དེའི་བརྒྱུད་ཁོང་ལ་བོད་རང་བཙན་དགོས་པའི་ཚོར་བ་ཤུགས་ཆེན་པོ་ཡོང་གི་འདུག་ཅེས་དང་། སྐད་འབོད་བྱེད་རྒྱུ་ནི་ང་ཚོའི་ལས་འགན་ཆགས་ཀྱི་ཡོད། ཞི་ཅིན་ཕིང་འདིར་སླེབས་པར་མོས་མཐུན་མེད་ལ་ངོ་རྒོལ་བརྒྱ་ཆ་བརྒྱ་ཡོད་ཅེས་གསུང་གི་འདུག བོད་མི་ཚོས་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་པ། ཡང་ལས་འགུལ་བ་བསྟན་འཛིན་དབང་དགའ་ལགས་ཀྱིས། ལས་འགུལ་དེའི་བརྒྱུད་ང་ཚོས་རྒྱ་ནག་སྲིད་འཛིན་ལ་རྒྱ་གར་དུ་དགའ་བསུ་ཞུ་ཡི་མེད་པའི་རྣམ་འགྱུར་བསྟན་གྱི་ཡོད་ཅེས་གསུང་གི་འདུག ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཡོད་པ་དང་། དེ་འབྲེལ་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས། རྒྱ་ནག་གཞུང་གི་སྲིད་འཛིན་ལྡི་ལིར་ཡོང་གི་ཡོད་པར་བོད་མི་རྣམས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ད་ལྟའི་སྐད་འབོད་ཀྱི་ལས་འགུལ་ནི་རྒྱ་གར་གཞུང་གིས་ལམ་སྟོན་གང་གནང་བ་ལྟར་བརྩི་སྲུང་གིས་ཁྲིམས་མཐུན་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་། སྲིད་འཛིན་ཞི་ཅིན་ཕིང་ད་ཆ་ལོ་བདུན་གྱི་རྗེས་སུ་རྒྱ་གར་དུ་སླེབས་ཀྱི་ཡོད་ཀྱང་། བཙན་བྱོལ་བོད་མི་རྣམས་ཀྱིས། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལག་བསྟར་དང་། བོད་མི་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ། བལ་བོད་ས་མཚམས་སུ་འདམ་རུད་ཆུ་ལོག་གིས་རྐྱེན་པས་རྒྱ་ནག་གཞུང་གིས་ཕྱི་གསལ་ནང་གསལ་གྱིས་གནས་ཚུལ་མཁོ་སྤྲོད་བྱས་མེད་པ་སོགས་ཀྱི་ཐད་ལ་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་སླེབས་ཀྱི་ཡོད་པའི་སྐབས་གསལ་སྟོན་བྱེད་ཀྱི་ཡོད་པ་དང་ངོ་རྒོལ་ཤུགས་ཆེ་ཡོད་པ་བཅས་དྲིལ་བསྒྲགས་གནང་ཡོད་པ་རེད། ཐེངས་འདིར་བོད་མི་རྣམས་ཀྱིས་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་ཆགས་ནས་པན་ཇབ་སྦསི་ཏི་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྐབས་རྒྱ་གར་གཞུང་ངོས་ནས། དམག་མི་དང་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག་ཀྱིས། ཉེན་རྟོག་པ་དེ་དག་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་མ་གྲུབ་བར་བོད་མི་རྣམས་དང་མཉམ་དུ་བསྐྱོད་སོང་། ཞི་ཅིན་ཕིང་ལོ་བདུན་གོང་ཏཱ་མིལ་ན་གྲུར་སླེབས་མྱོང་ཡོད་པ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་ལྷོ་ཕྱོགས་ཏཱ་མིལ་ན་གྲུ་མངའ་སྡའི་གྲོང་ཁྱེར་ཅེ་ནའི་ནང་ཚོགས་འདུ་ཞིག་ཏུ་མཉམ་ཞུགས་ཆེད་སླེབས་སྐབས་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་ཐུག་འཕྲད་བྱུང་ཡོད་ཅིང་། ད་ཆ་རྒྱ་གར་ལ་མཚོན་ན་སྦརིཀསི་ཚོགས་འདུ་གཙོ་སྐྱོང་བྱེད་ཀྱི་ཡོད་པ་དེ་ཐེངས་བཞི་པ་དེ་ཆགས་ཀྱི་འདུག་ལ། ཐེངས་འདིའི་སྦརིཀསི་ཚོགས་འདུའི་དམིགས་ས་གཙོ་བོ་ནི་རྒྱ་ཁབ་དེ་དག་དབར་འབྲེལ་བ་སྲ་བརྟན་དང་། གསར་གཏོད། མཉམ་འབྲེལ་སོགས་གོང་མཐོར་གཏོང་ཆེད་དུ་དམིགས་པ་ཞིག་དང་། གནད་དོན་དབྱེ་ཞིབ་པ་མང་པོས་འདི་ནི་སྟོབས་ཆེན་རྒྱལ་ཁབ་ ༧ (G7) རྒྱལ་ཁབ་ཀྱི་མཉམ་སྦྲེལ་ལ་དོ་མཉམ་བྱེད་པའི་མཉམ་འདུས་ཀྱི་ཚོགས་འདུ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད་ལ། ད་རེས་ཀྱི་སྦརིཀསི་ཀྱི་ཚོགས་འདུའི་ཆེད་ར་ཤི་ཡ་དང་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་གཙོ་བོར་གྱུར་བའི་གནད་ཡོད་མི་སྣ་མང་དག་ཅིག་རྒྱལ་ས་ལྡི་ལིར་ཕེབས་ཀྱི་ཡོད་པའི་ཚོད་དཔག་གནང་གི་འདུག་ལ། ཐེངས་འདིར་རྒྱལ་ས་ལྡི་ལིར་སྦརིཀསི་ཀྱི་ཚོགས་འདུ་འཚོགས་རྒྱུ་ཡིན་པའི་སྐབས་འདིར་རྒྱ་གར་གཞུང་ངོས་ནས་ཉེན་སྲུང་སོགས་ཀྱི་ཆེད། ས་ཚིགས་འདྲ་མིན་དུ་ཉེན་རྟོག་པ་དང་དམག་མི་ཆ་བགོས་ཀྱིས་སྲུང་ཆ་གནང་བཞིན་ཡོད་པ་མངོན་རྒྱུ་འདུག སྦརིཀསི་ཚོགས་འདུ་དེ་ནི་རྒྱ་གར་ལ་མཚོན་ན་རྒྱ་ནག་དང་མཉམ་ས་མཚམས་སོཊ་གནད་དོན་གལ་ཆེན་ཁག་གི་སྐོར་གླེང་སློང་བྱ་རྒྱུའི་དུས་སྐབས་ཡིན་པ་ངོས་འཛིན་གནང་གི་འདུག སྦརིཀསི་ཚོགས་འདུ་དང་རྒྱ་དཀར་ནག་གི་འབྲེལ་བ། སྦརིཀསི་ཚོགས་འདུ་དེ་ནི་རྒྱ་གར་ལ་མཚོན་ན་རྒྱ་ནག་དང་ལྷན་ས་མཚམས་སོགས་གནད་དོན་གལ་ཆེན་ཁག་གི་སྐོར་གླེང་སློང་བྱ་རྒྱུའི་དུས་ལ་བབ་ཡོད་པ། གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག རྒྱ་གར་གྱི་རྒྱ་ནག་གི་འཐབ་བྱུས་ཐོག་གནད་དོན་དབྱེ་ཞིབ་པ་ཚོས་གཙོ་བོར་ཁོར་ཡུག་དང་ས་མཚམས་ཀྱི་གནད་དོན་ཐོག་ལ་སེམས་ཚབས་གསལ་སྟོན་དང་། དེ་དག་གི་སྐོར་གླེང་སློང་ཐུབ་པའི་རེ་བ་གནང་གི་འདུག དེ་ཡང་རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་སྭ་ཏི་ཅའོ་ལ་(Swati Chawla) ལགས་ཀྱིས། ཐེངས་འདིའི་ཚོགས་འདུའི་ནང་ཁོར་ཡུག་བདེ་འཇགས་ཀྱི་གནད་དོན་དང་། ལྷག་པར་ཧི་མ་ལ་ཡའི་ཁུལ་གྱི་གནད་དོན་སྐོར་གྲོས་བསྡུར་དགོས་གལ་ཆེ་བས་དེའི་སྐོར་བཀའ་མོལ་ཞིག་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། ཉེ་ཆར་བལ་བོད་ས་མཚམས་སུ་བྱུང་བའི་འདམ་རུད་ཆུ་ལོག་གི་གོད་ཆག་འཕྲད་པ་དེས། རྒྱ་གར་ལ་ཡང་རྒྱ་ནག་དང་ལྷན་གོད་ཆག་དེ་རིགས་ལ་གདོང་ལེན་གྱི་མཉམ་ལས་ཆེ་རུ་གཏོང་དགོས་པའི་བརྡ་ལན་སྤྲོད་ཀྱི་ཡོད་པས། ས་མཚམས་ཁུལ་དུ་དུས་ཐོག་ཉེན་ཁ་ཡོད་རིགས་སྔོན་བརྡའི་མ་ལག་སྲ་བརྟན་བཟོ་བ་དང་། ཆུ་བོ་ཁག་དང་འབྲེལ་བའི་གནས་ཚུལ་མཉམ་སྤྱོད་བྱེད་པའི་ལམ་སྲོལ་གོང་འཕེལ་གཏོང་རྒྱུའི་ཐད་གླེང་དགོས་གལ་ཆེ་བ་མཐོང་གི་འདུག་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ས་མཚམས་དང་ཆུ་བོའི་དཀའ་ངལ་སྐོར་གླེང་གི་རེད་དམ། ཡང་རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཤྲི་པརྣ་པ་ཋག་ (Sriparna Pathak) ལགས་ཀྱིས། སྦརིཀསི་ཚོགས་འདུ་དེ་ནི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་མི་མཐུན་པའི་ཆ་རྣམས་སྲུང་སྐྱོབ་དང་གབ་ས་ཞིག་མིན་པར། ཐེངས་འདིར་རྒྱ་གར་གྱིས་ཚོགས་འདུ་དེ་བཞིན་གཙོ་སྐྱོང་བྱས་པ་དེས་རྒྱ་གར་ངོས་ནས་སེམས་ཚབས་ཡོད་སའི་གནས་སྟངས་སོགས་ཀྱི་སྐོར་སྐད་ཆ་བཤད་རྒྱུར་འཛེམས་དགོས་དོན་མེད་ལ། ས་མཚམས་དང་ཆུ་བོའི་གནད་དོན་རྣམས་ཀྱི་སྐོར་ཐད་ཀར་ཐེར་འདོན་གྱིས་སྐད་ཆ་བཤད་དགོས་གལ་ཆེ་བ་ཡིན། དེ་དག་གི་སྐོར་བཀའ་མོལ་གནང་རྒྱུ་ད་ལྟའི་ཆར་དུས་ཚོད་རན་པོ་ཞིག་རེད། རྒྱ་དཀར་ནག་དབར་གྷལ་ལྦན་གྱི་དོན་རྐྱེན་བྱུང་རྗེས་སུ་ལོ་ངོ་མང་པོའི་རིང་ཆུ་བོ་དང་འབྲེལ་བའི་གནས་ཚུལ་མཉམ་སྤྱོད་མི་ཐུབ་པ་བྱུང་པའི་རྗེས་སུ། རྒྱ་གར་དུ་རྒྱུག་བཞིན་པའི་ཆུ་རྒྱུན་དེ་དག་ཐོག་རྒྱ་ནག་གཞུང་གིས་ཆུ་མཛོད་རྒྱག་བཞིན་པའི་སྐོར་ཁུ་སིམ་མི་བསྡད་མི་རུང་། རྒྱ་གར་གྱིས་ཕན་ཆེར་ཚོགས་འདུ་དེའི་སྐབས་འཛུགས་སྐྲུན་དེ་དག་གིས་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སྐོར་བཀའ་མོལ་གནང་སྲིད་ཀྱང་། ཐད་ཀར་མ་ཡིན་པར། སྒོ་བརྒྱབ་ཏུ་སྐད་ཆ་བཤད་སྲིད་པ་རེད། གལ་ཏེ་ཨ་རུ་ན་ཅཱལ་གྱི་བདག་དབང་སྐོར་གླེང་ཚེ་རྒྱ་གར་ངོས་ནས་འཛེམས་ཟོན་མེད་པར། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་བརྗོད་ངེས་རེད་ཅེས་གསུང་གི་འདུག ཞི་དང་མཉམ་བོད་དོན་གླེང་སྲིད་དམ། ཐེངས་འདིའི་ཚོགས་འདུའི་ཐོག་བོད་དོན་དང་འབྲེལ་བའི་གནད་དོན་སྐོར་དམིགས་བསལ་ཐད་ཀར་གླེང་ཐུབ་ཐབས་དཀའ་བ་ཉམས་ཞིབ་པ་ཁག་ཅིག་གིས་འགྲེལ་བརྗོད་གནང་གི་འདུག དེ་ཡང་རྒྱ་ནག་གི་འཐབ་བྱུས་ཐོག་གི་ཉམས་ཞིབ་པ་འབུམ་རམས་པ་ཨ་པ་ལྷ་མོ་ལགས་ཀྱིས། ཐེངས་འདིའི་ཚོགས་འདུའི་ཁྲོད་བོད་དོན་དང་འབྲེལ་བའི་སྐོར་ཐད་ཀར་གླེང་སློང་བྱེད་མ་སྲིད་ཀྱང་། རྒྱ་གར་གྱི་བདེ་འཇགས་དང་ས་མཚམས་བརྟན་ལྷིང་སོགས་ཀྱི་ཁེ་ཕན་ཆེད་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་དགོས་གལ་ཆེ་ཞིང་། གླེང་དགོས་པའི་དུས་ལ་བབ་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུང་གི་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། ཐེངས་འདིར་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གྲོས་མོལ་བྱེད་བཞིན་པ་དེས། གནས་སྐབས་ས་མཚམས་ཐོག་གི་དཀའ་རྙོག་ཞི་འགྲིག་ཐོག་ཤུགས་གནོན་སྤྲོད་སྲིད་ཀྱང་། ཁྱོན་ཡོངས་ཀྱི་དཀའ་རྙོག་སེལ་ཐུབ་ཐབས་མེད་ཅེས་དང་། གལ་ཏེ་རྒྱལ་ཁབ་ཕྱོགས་གཉིས་དབར་ས་མཚམས་ཀྱི་དཀའ་རྙོག་སེལ་དགོས་ཚེ། ངེས་པར་བོད་ཀྱི་གནད་དོན་གླེང་སློང་དགོས་ཤིང་བོད་ཀྱི་གནད་དོན་ལས་གཡོལ་ཐབས་བྲལ་བ་ཡིན་ལ། བོད་ཀྱི་དཀའ་རྙོག་སེལ་ན་མ་གཏོགས་ཐབས་ཤེས་གཞན་གང་ཡང་མེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད། ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་ས་མཚམས་གྷལ་ཝན་ལུང་གཤོངས་ (Galwan Valley) སུ་རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་༤ཡི་ཚེ་སྲོག་ཤོར་རྗེས། རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་མཐའ་མཚམས་ས་ཐིག་བར་གྱི་མངའ་ཁོངས་དང་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད། རྒྱ་དཀར་ནག་གཉིས་ཀས་མཐའ་མཚམས་སུ་འཛུགས་སྐྲུན་དང་མཐའ་མཚམས་ཀྱི་དམག་དོན་ལ་དོ་སྣང་ཆེན་པོས་འཛུགས་སྐྲུན་བྱས་པ་སོགས་བྱས་ཏེ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེར་བདག་དབང་ཡོད་སྐོར་བརྗོད་དེ་ཁུལ་དེའི་ས་ཚིགས་མང་པོར་མིང་བསྒྱུར་རིམ་པ་བྱེད་པ་སོགས། རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་དཀའ་ངལ་རིམ་པ་འཕྲད་བཞིན་པའི་སྐབས་འདིར། ཉེ་ལམ་ཟླ་ ༨ ཚེས་ ༧ ཉིན་ རྒྱ་གར་གཞུང་གིས་ཨ་རུ་ན་ཅཱལ་ནང་གི་ས་ཚིགས་དང་གཞུང་ལམ། མཚོ་བཅས་ཁྱོན་ ༢༧ གྱི་མིང་ཡོད་བཞིན་པ་རྣམས་གཞུང་འབྲེལ་ས་ཁྲའི་ནང་སྤྱི་ཡོངས་གཏན་འབེབས་ དང་ཁྱབ་བསྒྲགས་བྱས་པ་སོགས་བྱུང་ཡོད་ཅིང་། གཞན་ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ནང་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀཱ་ཛན་དུ་ཐུག་འཕྲད་སྐབས། ཕྱོགས་གཉིས་ཀས་རྒྱ་གར་དང་རྒྱ་ནག་གཉིས་མཐུན་གྲོགས་རྒྱལ་ཁབ་ཡིན་པ་ལས་འགྲན་ཟླའི་ཁ་གཏད་མིན་པས། ཕྱོགས་ཕན་ཚུན་དབར་གྱི་ཁྱད་པར་དེ་རྩོད་གཞིར་གྱུར་མི་རུང་བའི་ཁས་ལེན་བསྐྱར་ནན་བྱས་ཡོད་ཀྱང་། ཉེ་བའི་ཆར་ཟླ་ ༨ ཚེས་ ༢༥ ཉིན་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨཇིཏ་ཌོ་ཝལ་ (Ajit Doval) ལགས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) དབར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ས་མཚམས་རྩོད་རྙོག་སྐོར་གྱི་དམིགས་བསལ་སྐུ་ཚབ་དབར་གྱི་གྲོས་མོལ་ཚོགས་ཡོད་པ་དེ་ནི་ཐེངས་ ༢༥ དེ་ཆགས་ཀྱི་ཡོད་པ་རེད། ཁ་སྣོན་པར་ལེན། བདེ་སྐྱིད་ཀུན་སྒྲོལ། པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download options
11 Sep 2026, 01:52 GMT བཀྲ་དབང་།

རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། རྒྱ་ནག་བཅས་སུ་ཆོས་ལུགས་ཀྱི་བྱེད་སྒོར་ལྟ་སྲུང་དོ་དམ་དུ་བཏང་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཐེར་འདོན་བྱས་འདུག བོད་དང་རྒྱ་ནག་བཅས་སུ་རྒྱ་ནག་གི་“ཁྲིམས་སྒྲིག་ལས་འགལ་བའི་ཆོས་ལུགས་ཀྱི་བྱེད་སྒོ་“སྤེལ་བ་ཁག་ས་གནས་མི་མང་གིས་གཞུང་ལ་སྙན་སེང་ཞུ་དགོས་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད། དེ་ཡང་ཞི་ཅིན་ཕིང་ (Xi Jinping) གིས་ ༢༠༡༦ ལོར་ཆོས་ལུཊ་རྒྱ་ནག་ཅན་དུ་སྒྱུར་བའི་སྲིད་ཇུས་གཏན་འབེབས་བྱས་པའི་འབྲུ་དོན་ལྟར་ལག་བསྟར་བྱས་པ་ཞིག་ཡིན་ཞིང་། རང་དབང་གི་ཐོག་ནས་ཆོས་ལུགས་ཉམས་བཞེས་པ་ཚོ་དང་། དེ་དག་གི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཚོར་ཡང་ཉེས་ཆད་གཏོང་གི་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ (Human Rights Watch) ཕྱི་ཚེས་ ༩ ཉིན་ ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་ ཐུགས་འཚབ་དང་འབྲེལ་ནས་འགྲེལ་བརྗོད་གནང་འདུག་ལ། ཉེ་བའི་ཆར་མཚོན་ནའང་རྒྱ་ནག་གི་དོ་དམ་གྱི་སྲིད་བྱུས་འདི་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་ཅིང་། ཕྱི་ལོ་ ༢༠༢༦ ལོའི་ལོ་ཕྱེད་རིང་རྒྱ་ནག་གི་གྲོང་ཁྱེར་ཁག་ ༡༢ ལྷག་གི་ནང་རྒྱ་ནག་གཞུང་གིས་བརྗོད་བཞིན་པ་ལྟར་“ཁྲིམས་འགལ་“གྱི་ཆོས་ལུགས་ཉམས་ལེན་བྱེད་པའི་གནས་ཚུལ་གཤོད་མཁན་ལ་སྐུལ་མ་བྱ་ཆེད་རྔན་པ་སྤྲོད་སྲོལ་དེ་ལག་བསྟར་བྱེད་ཀྱི་ཡོད་པ་ཐེར་འདོན་གནང་འདུག བོད་དང་ཤིན་ཅང་། རྒྱ་ནག་བཅས་སུ་ཆོས་ལུགས་ཀྱི་བྱེད་སྒོར་ལྟ་སྲུང་ནན་དུ་བཏང་པ། (Nordhey) བོད་དང་ཤིན་ཅང་། རྒྱ་ནག་བཅས་སུ་ཆོས་ལུགས་ཀྱི་བྱེད་སྒོར་ལྟ་སྲུང་ནན་དུ་བཏང་པ། (Nordhey) བོད་མི་ནང་པ་ཚོའི་ཆོས་དད་རང་དབང་ལ་ཤུགས་རྐྱེན་ཚབས་ཆེན་སྤྲོད་ཉེན། ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་ལོ་ ༡༩༩༨ ལོར་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་གཏན་འབེབས་བྱས་པའི་ཁྲིམས་ཡིག་འབྲུ་དོན་ཆེད་འཛུགས་བྱས་པའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ ( USCIRF) ཀྱི་འགན་འཛིན་ཚོགས་མི་ ཌེ་ཝིཌི་ཨེན་ཌར་སཱན་ (David A. Anderson) ལགས་ཀྱིས། རྒྱ་ནག་གིས་ལག་བསྟར་བྱེད་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དེས་བོད་ཀྱི་ནང་པ་སངས་རྒྱས་པ་ཚོའི་ཆོས་དད་རང་དབང་ལ་ཤུགས་རྐྱེན་ཚབས་ཆེན་སྤྲོད་ཀྱི་ཡོད་ཅེས་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབང་འཛིན་པས་བོད་ཀྱི་ནང་པའི་དགོན་སྡེ་ཁག་ལ་འགོག་གནོན་བྱེད་བཞིན་ཡོད་ཅིང་། ལྷག་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཞུ་མཁན་གྱི་དགེ་འདུན་པ་རྣམས་འཛིན་བཟུང་དང་གར་སོང་མེད་པར་གྱུར་བཞིན་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་འགྲེལ་བརྗོད་གནང་བྱུང་། ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་མཇལ་ཕྲད་སྐབས་ཀྱི་པར་ཚཊ། ༢༠༢༦།༠༥།༡༥ (REUTERS) སྲིད་འཛིན་ཊམཔ་ལ་ཞི་དང་མཉམ་པཎ་ཆེན་རིན་པོ་ཆེའི་གནད་དོན་གླེང་དགོས་པའི་རེ་འདུན། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་རིང་མིན་ཕྱི་ཟླ་ ༩ ཚེས་ ༢༤ ཉིན་ཨ་རིར་འབྱོར་གྱི་ཡོད་ཅིང་། སྲིད་འཛིན་ཌོ་ནལཌི་ཊམཔ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད། ཌེ་ཝིཌི་ཨེན་ཌར་སཱན་ (David A. Anderson) ལགས་ཀྱིས། ཨ་རིའི་གཞུང་གིས་ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེན་གཏོང་མཁན་རྒྱ་ནག་གཞུང་འབྲེལ་གྱི་སྒྲིག་འཛུགས་ཁག་དང་། གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས་པ་རེད་ཅེས་གསུང་གི་འདུག་ལ། ཨ་རིའི་སྲིད་འཛིན་གྱིས་ཆོས་ལུགས་ཀྱི་བཙོན་པའི་གནད་དོན་ཐོག་སྲིད་འཛིན་ཞི་ཅིན་ཕིང་དང་མཉམ་དུ་གླེང་སློང་གནང་རྒྱུའི་འདུན་པ་གསལ་སྟོན་བྱས་ཡོད་པ་དཔེར་ན། ཉེ་བའི་ཆར་རྒྱ་ནག་ཏུ་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་ཡི་ཤུའི་ཆོས་པ་ Pastor Ezra Jin ལ་རང་དབང་ཐོབ་པ་བཞིན། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧པཎ་ཆེན་རིན་པོ་ཆེར་ངོས་འཛིན་གནང་རྗེས་བཙན་ཤེད་ཀྱིས་གར་སོང་ཆ་མེད་དུ་གྱུར་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཐད་ང་ཚོར་རེ་བ་གསར་པ་ཞིག་ཡོད་ཅེས་གསུངས་བྱུང་། ཆོས་ལུགས་ཀྱི་བྱེད་སྒོར་དམ་དྲག་དང་འགོག་གནོན། མཚོ་སྔོན་ཞིང་ཆེན་ཧའེ་ཏུང་ཁུལ་གྱི་སྲིད་གཞུང་གིས་ཚོང་པ་དང་། མགྲོན་ཁང་། འགྲིམ་འགྲུལ་ཁང་བཅས་ཀྱིས་གོ་སྒྲིག་བྱས་པའི་ལས་དོན་བརྒྱུད་དྭོགས་གནད་ཀྱི་གནས་སྟངས་བྱུང་ཁག་གཞུང་ལ་སྙན་སེང་ཞུ་དགོས་པའི་བཀོད་ཁྱབ་བཏང་ཡོད་ཅིང་། སྒྲིག་གཞི་གསར་པ་ཕལ་ཆེ་བའི་ནང་སྙན་སེང་ཞུ་མཁན་ལ་རྔན་པ་སྤྲོད་ཀྱི་ཡོད་ལ། སི་ཁྲོན་ཞིང་ཆེན་བྲན་རྡུ་གྲོང་ཁྱེར་དུ་གཞུང་གིས་ངོས་འཛིན་བྱེད་“ཁྲིམས་འགལ་“ གྱི་བྱ་སྤྱོད་སྙན་སེང་ཞུ་མཁན་ལ་ཨ་སྒོར་ ༡༢༠ སྤྲོད་རྒྱུའི་ཆ་རྐྱེན་བསྐྲུན་ཡོད་པ་རེད། སྒྲིག་གཞི་འདི་ནི་ཕྱི་ལོ་ ༢༠༡༣ ནས་བཟུང་ཤིན་ཅང་ནང་དུ་ལག་བསྟར་འགོ་འཛུགས་བྱས་པའི་སྒྲིག་གཞི་དང་། ཕྱི་ལོ་ ༢༠༡༩ ནས་བཟུང་ཀོང་ཏུང་ཞིང་ཆེན་དུ་ལག་བསྟར་འགོ་འཛུགས་བྱས་པའི་སྒྲིག་གཞི། དེ་བས་འཇིགས་སྣང་ཆེ་བ་ཞིག་ལ་ཧན་མི་རིགས་ཀྱི་རིག་གནས་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཡེ་ཤུའི་རྗེས་འབྲངས་པ་དང་། ཁ་ཆེའི་རྗེས་འབྲངས་པ། བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་བཅས་ཀྱིས་རྒྱ་ནག་གཞུང་གི་བཀོད་ཁྱབ་དེར་ཉམས་ལེན་བྱེད་དགོས་པའི་བརྡ་ལན་ཞིག་ཆགས་ཡོད་པ་རེད། བོད་ནང་གི་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་གཞོན་པ་མ་ཡ་ཝང་ (Maya Wang) ལགས་ཀྱིས། བོད་མིའི་ས་ཁུལ་ཁག་ཏུ་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ཐོག་ཞི་བའི་ངང་ནས་ཆོས་ལུགས་དད་མོས་ཉམས་ལེན་བྱེད་པའི་ཐོབ་ཐང་ལ་དུས་ཡུན་རིང་པོར་དམ་དྲག་ནན་པོ་བྱས་པ་མ་ཟད། གཞུང་གི་དཔོན་རིགས་ཚོས་གཞུང་གིས་“ཁྲིམས་འགལ་“དུ་ངོས་འཛིན་བྱེད་པའི་ལས་དོན་དཔེ་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཉར་ཚགས་བྱེད་པ་ལ་སོགས་ཀྱི་ཐད་མང་ཚོགས་ཀྱིས་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། གནས་ཚུལ་སྐྱེལ་མཁན་ལ་སྐུལ་མ་བྱེད་པ་འདི་བརྒྱུད་མི་མང་དཀྱུས་མ་ཚོར་གནོན་ཤུགས་ཕར་མ་ཞིག་སྤྲད་རྒྱུ་ཡིན་ལ། དཔེ་ན་དུད་ཁྱིམ་དུ་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆུང་ཚགས་ཚོགས་རིང་གོ་སྒྲིག་བྱེད་རྒྱུ་འདི་དག་“ཁྲིམས་འགལ་“གྱི་ཆོས་ཕྱོགས་བྱ་འགུལ་དུ་ངོས་འཛིན་བྱེད་པའི་ཉེན་འགན་འོག་འགོག་རྐྱེན་འཕྲད་སྲིད་པའི་འཇིགས་སྣང་ཞིག་ཆགས་ཡོད་ཅེས་གསུངས་བྱུང་། བོད་དང་ཤིན་ཅང་། རྒྱ་ནག་བཅས་སུ་ཆོས་ལུགས་ཀྱི་བྱེད་སྒོར་ལྟ་སྲུང་ནན་དུ་བཏང་པ། (Nordhey) རྒྱ་ནག་གཞུང་གི་བྱ་ཐབས་གསར་པ་འདི་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡ ནས་ལག་བསྟར་བྱེད་པའི་ སྤྱི་མང་བདེ་འཇགས་འཛིན་སྐྱོང་གི་ཉེས་ཆད་ཀྱི་ཁྲིམས་ ལ་མཇུག་འདེད་ཀྱིས་བསྒྱུར་བཅོས་བྱས་པའི་སྒྲིག་སྲོལ་ཞིག་ཆགས་ཀྱི་ཡོད་ཅིང་། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་འགོ་སྤེལ་ན་ཉིན་ ༥ ནས་ ༡༥ བར་དོ་དམ་བྱེད་སྲིད་པའི་ལམ་སྲོལ་ཞིག་གསར་དུ་འགོ་འཛུགས་བྱེད་ཡོད་པ་རེད།། པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།

Download options
10 Sep 2026, 19:13 GMT སྒྲོལ་དཀར།

ཉེ་བའི་ལོ་ཤས་ནང་། བོད་མཐོ་སྒང་དུ་རང་བྱུང་གནོད་འཚེ་ཆེ་གྲས་རིམ་པས་མང་དུ་ཕྱིན་ཡོད། དཔེར་ན། ༢༠༢༥ ལོར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱང་ངོས་སུ་དིང་རིར་ས་ཡོམ་གྱི་གནོད་འཚེ་ཆེན་པོ་ཞིག་བྱུང་བ་དང་། ༢༠༢༦ ལོར་བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ས་མཚམས་སུ། འཁྱགས་རོམ་དང་བྲག་རི་ཉིལ་བ་ལས་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་བྱུང་ཡོད། གནམ་གཤིས་འགྱུར་ལྡོག་དང་གནོད་འཚེ། རང་བྱུང་གནོད་འཚེ་དེ་ཚོས་བོད་མཐོ་སྒང་གི་ཉམས་ཞན་པའི་ས་ཁམས་གནས་སྟངས་དང་། བོད་ནང་གི་གསར་སྤེལ་ལས་གྲ་ཁག་གི་གནོན་ཤུགས་གཉིས་ལ་སླར་ཡང་དོ་སྣང་བྱེད་དགོས་པ་བཟོས་ཡོད། རྒྱ་ནག་གི་ཆེད་ལས་མི་སྣས། ད་རེས་སྐྱིད་གྲོང་གི་གནོད་འཚེ་འདི་ནི་གནམ་གཤིས་ཚ་དྲོད་འཕེལ་བའི་ཤུགས་རྐྱེན་འོག་གངས་རིའི་ཞུར་ཚད་མགྱོགས་སུ་ཕྱིན་པ་བརྗོད་ཀྱི་ཡོད། འོན་ཀྱང་ནུབ་ཕྱོགས་ཀྱི་ཆེད་ལས་མི་སྣས་འཁྱགས་རོམ་དང་བྲག་རིའི་སྲ་བརྟན་གྱི་གནས་སྟངས་ལ་ཤུགས་རྐྱེན་བྱུང་སྐོར་ཡང་བརྗོད་ཀྱི་ཡོད་འདུག བོད་མཐོ་སྒང་གི་ཁོར་ཡུག་ལ་ཡུན་རིང་ཞིབ་འཇུག་གནང་མཁན་ཝང་ཝིལ་སླའོ་ནས། གནམ་གཤིས་ཚ་དྲོད་འཕེལ་བའི་ཁྲོད་ནས་ཤུགས་རྐྱེན་ཐེབས་པར་ངོས་འཛིན་བྱ་ཆོག་རུང་། ད་དུང་རྒྱུ་མཚན་གཞན་ཞིག་ནི་འཁྱགས་རོམ་བརྟན་པོ་མེད་པར་གྱུར་པའི་ས་ཁུལ་དུ་ ༢༠༡༥ ལོའི་བལ་ཡུལ་གྱི་ས་ཡོམ་ཆེན་པོ་བྱུང་པ་འདིའི་རྗེས་སུ་ཐེངས་མང་པོ་རི་ཉིལ་བ་འདིས་འཁྱགས་རོམ་འོག་གི་བྲག་རྡོའི་རིམ་པ་འདི་བརྟན་པོ་མེད་པ་ཆགས་ཡོད་སྐོར་གསུངས་བྱུང་། སྐྱིད་གྲོང་གི་གནོད་འཚེ་འདི། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་འགྱུར་བ་མྱུར་པོ་འགྲོ་བཞིན་པའི་དུས་སྐབས་ལ་བྱུང་ཡོད་ལ། ས་ཡོམ་དང་གནམ་གཤིས་ཚ་དྲོད་འཕེལ་བའི་ཤུགས་རྐྱེན་གྱིས་ཆུ་ལོག་བསྟུད་མར་ཐོན་པ་དང་། ཡང་ན་འདམ་རྡོ་ཆུ་རུད་ཐོན་སྲིད་པར་ཆེད་ལས་མི་སྣས་ངོས་འཛིན་གནང་གི་ཡོད། ཁ་རོ་ལའི་འཁྱགས་རོམ། (REUTERS) བོད་ཁུལ་དུ་རང་བྱུང་གནོད་འཚེ་དང་མིའི་བྱ་སྤྱོད། ༢༠༡༨ ལོར་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་གི་ལས་གྲ་འགོ་བཙུགས་ས་ཕད་གྲོང་རྡལ་དུ་གངས་རུད་དང་རི་ཉིལ་བས་ཡར་ཀླུང་གཙང་པོའི་ནང་ལྷུང་ནས་དེ་རྗེས་ཆུ་ལམ་འགག་སྟེ་མཚེའུ་ཆགས་ཡོད་པ་ཝང་ཝིལ་སླའོ་ནས་གསུང་གི་འདུག་ལ། ༢༠༡༨ ལོར་ཉིང་ཁྲིའི་སྨན་གླིང་རྫོང་ཕད་གྲོང་རྡལ་དུ་མཚེའུ་རྡོལ་ནས་ཆུ་ལོག་བྱུང་པ་དང་། ཡང་ཕད་གྲོང་རྡལ་ལ་ཕྱི་ལོ་ ༢༠༡༧ ཟླ་ ༡༡ པའི་ནང་ས་ཡོམ་འགུལ་ཚད་རིམ་པ་ ༦.༩ བྱས་པའི་གནོད་འཚེ་བྱུང་མྱོང་ཡོད། འོན་ཀྱང་ས་ཁུལ་འདིར་རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་ཁང་གི་ལས་གྲ་མུ་མཐུད་སྤེལ་བཞིན་པ་རེད། ཝང་ཝིལ་སླའོ་ནས་ངོས་འཛིན་གནང་དོན་ལ་གཞིགས་ན། རྒྱ་ནག་གི་ཆེད་ལས་བཟོ་བཀོད་པ་མང་པོས་ས་ཆ་འདིའི་ས་གཤིས་ཀྱི་ཉེན་ཁ་ཤེས་ཀྱི་ཡོད། བཟོ་བཀོད་པ་ཁག་གཉིས་ཡོད་པའི་ནང་ནས་ཁག་ཅིག་གིས་ས་གཤིས་ཉེན་ཁར་འགྲན་བསྡུར་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོའི་རྒྱུད་དུ་ཆུ་ཤུགས་གློག་ཁང་རིམ་པས་སྐྲུན་བཞིན་ཡོད་པའི་ཐོག་རི་བོ་བསྔོག་ནས་གཏེར་ཁ་བཏོན་བཞིན་ཡོད་ལ། གཞུང་ལམ་དང་ལྕགས་ལམ་སྐྲུན་ཆེད་རི་རྒྱུད་བརྟོལ་ནས་ཕུག་ལམ་བཟོ་བཞིན་ཡོད་པ་མ་ཟད། བོད་ཀྱི་ས་ཁུལ་མང་པོར་གསར་སྤེལ་ཁུལ་དང་འཛུགས་སྐྲུན་ལས་གྲྭ་རྒྱ་སྐྱེད་བཏང་བ། དེ་བཞིན་རི་འདེབས་མང་པོར་ཉི་ནུས་དང་རླུང་ནུས་ཀྱི་ཁེངས་པ། རི་ནས་རི་བར་གློག་སྐུད་ཀྱི་ལྕགས་དོང་གྲངས་ལས་འདས་པ་བཙུགས་པ། ལས་མི་དང་ཚོང་པ། ཡུལ་སྐོར་བ། མོ་ཊ་དང་འཕྲུལ་ཆས་ཀྱི་འགྲུལ་སྐྱོད་ཀྱང་མང་དུ་ཕྱིན་པ་སོགས་བོད་མཐོ་སྒང་གི་ལྷིང་འཇགས་ཀྱི་རྣམ་པ་འདི་མཐོང་རྒྱུ་མེད་པར་གྱུར་ཡོད། ཡང་འདི་ཚོས་རང་བྱུང་གནོད་འཚེ་རེ་རེ་དང་ཐད་ཀར་འབྲེལ་བ་ཡོད་ཅེས་བཤད་ཐུབ་ཀྱི་མེད་ན་ཡང་། བོད་མཐོ་སྒང་ལ་གཞི་རྒྱ་ཆེ་བའི་གསར་སྤེལ་བྱས་པ་འདིས་ཉམས་ཞན་པའི་བོད་ཀྱི་ཁོར་ཡུག་དང་ས་གཤིས་ལ་ཤུགས་རྐྱེན་དང་ཉེན་ཁ་འཕྲད་རྒྱུ་ངེས་པ་ཡིན་པར་ཆེད་ལས་མི་སྣས་ངོས་འཛིན་གནང་གི་ཡོད། བོད་མཐོ་སྒང་ནི་རྒྱ་ནག་གི་ཚོད་ལྟ་ཁང་ལྟ་བུར་འགྱུར་བ། ཝང་ཝིལ་སླའོ་ཡིས་ཞེད་སྣང་ཆེ་བ་ཞིག་ནི་རྒྱ་ནག་དམར་ཤོག་གིས་ཅ་དངོས་མང་པོ་ཞིག་བོད་ལ་འཁྱེར་ནས་ཚོད་ལྟ་བྱེད་ཀྱི་ཡོད། བོད་འདི་ཚོད་ལྟ་ཁང་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། ཁོང་གིས་ཉི་ནུས་ཚ་ནུས་ལས་གྲྭ་དང་། ཆུ་འཐེན་ནུས་གསོག་གློག་ཁང་། ས་དྲོད་གློག་ཁང་སོགས་དཔེ་མཚོན་ལུང་འདྲེན་གནང་སྟེ། རྒྱ་ནག་གིས་བོད་དུ་གཉེར་བའི་ལས་གྲྭ་འདི་རྣམས་ཀྱི་ཁེ་ཕན་གཅིག་པུར་མ་བལྟོས་པར། ཕུགས་རྒྱང་རིང་པོའི་ཁོར་ཡུག་ལ་གྱོང་གུན་དང་མིའི་བྱ་སྤྱོད་ལས་བཟོས་པའི་ཤུགས་རྐྱེན་ཡང་མཉམ་དུ་དཔྱད་ཞིབ་དགོས་པ་གསུངས་ཀྱི་འདུག་ལ། ཉི་འོད་གློག་ནུས་སོགས་ཀྱིས་ས་ཁུལ་གྱི་ཚ་དྲོད་འཕེལ་བར་ཤུགས་རྐྱེན་བཟོ་བཞིན་ཡོད་འདུག འདི་ནི་གསར་སྤེལ་ལ་ངོ་རྒོལ་བྱེད་པའི་གནད་དོན་མ་ཡིན་པར། ས་གཤིས་ཉམས་ཞན་པའི་ས་ཁུལ་ཞིག་ཏུ་གསར་སྤེལ་གྱི་ཚད་གཞི་དང་མྱུར་ཚད་གང་འདྲ་ཞིག་འཚམ་པ་ཡོད་མེད་ཀྱི་གནད་དོན་ཞིག་རེད། བོད་ཀྱི་ཁོར་ཡུག་ལ་ཞིབ་འཇུག་གནང་མཁན་ཝང་ཝིལ་སླའོ་ནས་མུ་མཐུད་གསུངས་པར། རྒྱ་ནག་དམར་ཤོག་གི་ཆབ་སྲིད་འགོ་ཁྲིད་དང་ཚན་རིག་པ་སུ་ཡིན་རུང་། ལས་ཀ་ཞིག་བྱེད་པའི་སྐབས་སུ་ལས་ཀ་འདི་བྱས་ན་ཤུགས་རྐྱེན་ངན་པ་གང་ཡོད་མེད་ཐད་རྩ་བ་ནས་ཞིབ་འཇུག་བྱེད་ཀྱི་མེད་ཅེས་གསུངས་བྱུང་། རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་ཆུ་མཛོད་གློག་ཁང་གི་ལས་གྲ (Xinhua) རྒྱ་ནག་གི་ལོ་ལྔ་ཚན་བཅོ་ལྔའི་འཆར་གཞི། རྒྱ་ནག་གིས་བོད་འདི་རྒྱལ་ཁབ་ཀྱི་ནུས་པའི་བྱུང་ཁུངས་གཙང་མའི་རྟེན་གཞི་ཟེར་བ་ཞིག་སྐྲུན་རྒྱུ་ཡིན་པ་བརྗོད་ཡོད། དེ་ནི་རྒྱ་ནག་གི་ལོ་ལྔ་ཚན་བཅོ་ལྔའི་འཆར་གཞིའི་ནང་བོད་འདི་གལ་ཆེན་པོ་ཞིག་ཆགས་ཡོད་ཅིང་། དམིགས་བསལ་ཆུ་གློག་དང་ཉི་ནུས། རླུང་ནུས། ཆུ་འཐེན་ནུས་གསོག་སོགས་མུ་མཐུད་རྒྱ་སྐྱེད་བཏང་པ་དང་། བོད་ནས་གློག་རྒྱ་ནག་ནང་དུ་གཏོང་བའི་ལས་གྲྭའང་སྲིད་ཇུས་ཀྱི་ཆ་ཤས་སུ་བཀོད་ཡོད། ཝང་ཝིལ་སླའོ་ནས་བོད་ནི་ད་ལྟ་གློག་མི་གདེང་བའི་ས་ཆ་ཞིག་མ་རེད། བོད་ཀྱི་གློག་ཕྱི་ལ་གཏོང་གི་ཡོད་པ་གསུངས་བྱུང་། བོད་ཀྱི་ནུས་པའི་བྱུང་ཁུངས་གསར་སྤེལ་བྱས་པ་འདི་བོད་ཀྱི་དགོས་མཁོར་དམིགས་པ་ཞིག་མ་ཡིན་པར། ལོ་ལྔ་ཚན་བཅོ་ལྔའི་འཆར་གཞི་ལྟར་ན། རྒྱ་ནག་གི་དགོས་མཁོར་དམིགས་པའི་གསར་སྤེལ་ཞིག་ཆགས་ཡོད་ལ། མིས་བཟོས་རིག་ནུས་ཁྱབ་རྡལ་ཆེན་པོ་ཕྱིན་པའི་སྐབས་འདིར་རྒྱ་ནག་ལ་གློག་ནུས་དྲ་བ་དང་གློག་ཆས་ཀྱི་རྒྱུ་ཆ་ཁག་ཅིག་བོད་ནང་ནས་གཏེར་བཏོན་གྱིས་ནུས་པའི་བྱུང་ཁུངས་ཀྱི་སྲིད་ཇུས་ཆེན་པོའི་ཆ་ཤས་སུ་འགྱུར་བཞིན་པ་མཚོན་ཐུབ་རྒྱུ་ཡོད་པ་རེད། ཡང་གསར་སྤེལ་དང་གནས་སྤོའི་སྲིད་ཇུས་རྒྱ་སྐྱེད་བཏང་པ་དང་མཉམ་དུ། བོད་མིའི་འཚོ་ཐབས་དང་ཐོན་སྐྱེད་ཀྱི་གནས་སྟངས་ལ་ཡང་ད་ཆ་འགྱུར་བ་འགྲོ་བཞིན་ཡོད། རྒྱ་ནག་གཞུང་གིས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་དང་བོད་ཀྱི་ཆོས་དད་ལ་ཤུགས་རྐྱེན། དེ་བཞིན་བོད་མིར་ཤུགས་རྐྱེན་སོགས་ཀྱི་ཐད་བསམ་བློ་གཏོང་གི་མ་རེད་ཅེས་ཝང་ཝིལ་སླའོ་ནས་གསུངས་ཀྱི་འདུག བོད་ནང་གི་བོད་མིས་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བའི་ལས་གྲ་སྣ་ཚོགས་འདི་རྣམས་ཀྱི་གནས་ཚུལ་ཤེས་རྟོགས་ཀྱི་དབང་ཆ་དང་བསམ་ཚུལ་བརྗོད་དབང་གང་ཡང་མེད་པ་རེད་འདུག ཟླ་ ༩ ཚེས་ ༦ ཉིན་གྱི་སྐྱིད་གྲོང་འགག་སྒོ་གནས་ཡུལ་གྱི་ས་ཆའི་གནས་སྟངས། (Tingshu Wang/REUTERS) བོད་མཐོ་སྒང་ལ་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་མཛོད་ཅེས་འབོད་སྲོལ་ཡོད། བོད་ཀྱི་གངས་རི་དང་ཆུ་བོའི་འགྱུར་བ་ནི། བོད་ཀྱི་ཁོར་ཡུག་གནད་དོན་གཅིག་པུ་མ་ཡིན་པར། ཨེ་ཤེ་ཡའི་ཆུ་བོའི་བྱུང་ཁུངས་དང་གཤམ་རྒྱུད་ཀྱི་མི་འབོར་ཧ་ཅང་མང་པོའི་འཚོ་གནས་དང་འབྲེལ་ནས་ཡོད། ད་ལྟ་བོད་ཀྱི་ཆུ་བོའི་ཐོན་ཁུངས་མང་པོ་ཡོད་རུང་ལོ་ངོ་ཉི་ཤུ་སུམ་ཅུའི་རྗེས་ལ་བོད་མཐོ་སྒང་གི་ཆུ་ཉུང་དུ་འགྲོ་སྲིད་པ་དང་དེའི་ཤུགས་རྐྱེན་ནི་རྒྱ་ཆེན་པོ་ཞིག་ཆགས་ཡོད། ཨེ་ཤེ་ཡའི་ཆུ་མཛོད་ལ་རྟེན་ནས་འཚོ་གནས་བྱེད་མཁན་མི་དུང་ཕྱུར་མང་པོའི་ཆུའི་དགོས་མཁོ་ཇི་ལྟར་སྐོང་ཐུབ་མིན་འདི་གནད་དོན་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པར་ཝང་ཝིལ་སླའོ་ནས་ངོས་འཛིན་གནང་གི་འདུག གནམ་གཤིས་ཚ་དྲོད་འཕེལ་བ་ལས་འཁྱགས་རོམ་བཞུར་ཚད་ལ་ཤུགས་རྐྱེན་ཐེབས་ནས་ས་ཁུལ་ཁག་ཅིག་ཏུ་དང་ཐོག་ཆུ་རྒྱུན་འཕེལ་སྲིད་ཀྱང་། འཁྱགས་རོམ་གྱི་ཆུ་གསོག་རིམ་བཞིན་ཉམས་ན། ཆུ་རྒྱུན་ལ་འགྱུར་བ་ཆེན་པོ་འབྱུང་སྲིད་པ་རེད། དེར་བརྟེན་བོད་མཐོ་སྒང་གི་མ་འོངས་གནས་སྟངས་ནི་གནམ་གཤིས་འགྱུར་ལྡོག་གཅིག་པུས་ཐག་གཅོད་བྱེད་ཀྱི་མེད་པར། གཞུང་ཕྱོགས་ཀྱིས་གཉེར་པའི་གསར་སྤེལ་གྱི་ཚད་གཞི་དང་མྱུར་ཚད། ལས་གྲྭའི་གཞི་ཁྱོན། ལྷག་པར་དུ་ཁོར་ཡུག་ས་ཁམས་ལ་དཔྱད་ཞིབ་ཚད་དང་ལྡན་པ་དགོས་རྒྱུ། ས་གནས་མི་དམངས་ཀྱི་བསམ་ཚུལ་སོགས་ཕྱོགས་མང་པོ་ནས་བསམ་གཞིགས་དགོས་རྒྱུ་འདི་གལ་ཆེན་པོ་ཆགས་ཡོད། སྐྱིད་གྲོང་གི་གནོད་འཚེ་གཅིག་གིས་བོད་མཐོ་སྒང་གི་ཁོར་ཡུག་གནས་བབ་སྤྱི་ཡོངས་ལ་མཇུག་སྡོམ་བྱ་ཐུབ་རྒྱུ་མིན་ན་ཡང་། འདིས་རང་བྱུང་གནོད་འཚེའི་ཉེན་ཁ་ཆེ་བའི་བོད་མཐོ་སྒང་དུ། གསར་སྤེལ་གྱི་ཁེ་ཕན་དང་ཁོར་ཡུག་གི་གནས་སྟངས་གཉིས་མཉམ་དུ་བཞག་སྟེ། རང་བྱུང་ཁམས་འདིར་ཚད་ལས་བརྒལ་བའི་གསར་སྤེལ་བྱས་ན། མཐར་ཁེ་ཕན་ཁོ་ན་མ་ཡིན་པར་གནོད་འཚེའི་ཉེན་ཁ་ཞིག་ཏུ་འགྱུར་སྲིད་པའི་དྲན་སྐུལ་བྱུང་ཡོད།། བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

Download options
8 Sep 2026, 18:14 GMT བདེ་སྐྱིད་ཀུན་སྒྲོལ།

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་བོད་སྐྱིད་གྲོང་དུ་བསྐྱོད་འཇུག་གི་ཡོད་པ་བརྗོད་ཀྱང་། འདི་ནི་ཕྱིར་མིག་སྟོན་བྱེད་རྒྱུ་ཙམ་ལས་དོན་ལ་གནས་ཚུལ་དྲིལ་བསྒྲགས་འགྲོ་བཞིན་པར་སྟངས་འཛིན་བྱེད་པའི་ཐབས་ལམ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གི་འདུག ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༧ རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས། རྒྱ་ནག་གཞུང་གིས་ CNN, Reuters དང་ PTI སོགས་ཚུད་པའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་བརྒྱད་ཀྱི་རྒྱལ་སྤྱིའི་གསར་འགོད་པ་ཁག་གཅིག་འདམ་རུད་ཆུ་ལོག་གི་གནོད་ཐེབས་ས་ཁུལ་བོད་སྐྱིད་གྲོང་ཁུལ་དུ་ལྟ་སྐོར་དང་གནས་ཚུལ་གསར་འགོད་ཆེད་གདན་ཞུ་བྱས་ཡོད་ཅིང་། སྐབས་དེར་གསར་འགོད་པ་དེ་དག་གིས་རྒྱ་ནག་གཞུང་གི་ཉེན་སྐྱོབ་ཀྱི་ལས་དོན་བྱེད་ཕྱོགས་དང་འཛུགས་སྐྲུན་སླར་གསོ་སོགས་ཀྱི་སྐོར་གནས་ཚུལ་བཀོད་ཀྱི་རེད་ཅེས་བརྗོད་འདུག་ལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གིས་གདན་ཞུ་བྱེད་ཡོད་ཚུལ་བསྒྲགས་པའི་བརྒྱུད་ལམ་ཁག་ལ་བོད་ས་གནས་སུ་གནས་ཚུལ་དངོས་བདེན་ར་སྤྲོད་འཕེར་བ་འཚོལ་སྒྲུབ་ཇི་ལྟར་གནང་རྩིས་ཡོད་མེད་དང་། གསར་འགོད་རིག་པའི་ཀུན་སྤྱོད་ལྟར་གནས་ཚུལ་དངོས་རྩད་ཞིབ་གནང་རྒྱུ་བྱུང་ཡོད་མེད་ཐད་བཀའ་དྲི་ཞུས་པར་ Press Trust of India - (PTI ) གསར་ཁང་གྱི་ལྡི་ལི་ལས་ཁུངས་ནས་ཕྱི་ཚེས་ ༩ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་དོན་ལྟར་ན། གསར་ཁང་དེ་ནས་ KJM Varma བོད་ཕྱོགས་ཀྱི་ཆུ་ལོག་བྱུང་ཡུལ་དུ་ཕེབས་ཡོད་པ་ངོ་སྤྲོད་གནང་ཞིང་། གསར་འགོད་པ་ཚོའི་ཕྱོགས་བསྐྱོད་འདི་ཆུ་ཚོད་ཁ་ཤས་ཀྱི་རིང་ལ་ཡིན་ཞིང་། དེའི་རིང་གསར་འགོད་པ་ཚོར་རང་གི་ལས་དོན་བྱེད་རྒྱུར་མངོན་གསལ་གྱི་དམ་དྲམ་མི་འདུག་ཅེས་དང་། ཕྱོགས་བསྐྱོད་ཀྱི་རྗེས་ས་གནས་ཀྱི་དཔོན་རིགས་དང་མཉམ་དུ་གསར་འགོད་པ་ཚོ་དང་གྲོས་བསྡུར་གྱིས་དྲི་བར་ལན་འདེབས་གནང་སོང་ཞེས་ དང་། ད་ལྟའི་ཆར་གནས་ཚུལ་འདི་ཙམ་ལས་ཞུ་རྒྱུ་མེད་ཅེས་ལན་འདེབས་གནང་བྱུང་། རྡམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ལྟེ་བ་བྱུང་སའི་སྐྱིད་གྲོང་གྱི་འགག་སྒོའི་ས་ཚིཊ་སུ་སྡོད་གུར་གྱི་སྟེང་རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་སྒྲེང་པའི་འཁྲིས་སུ་ཉེན་རྟོག་སྐོར་སྲུང་བ་ཞིག་གིས་ལྟ་རྟོག་བྱེད་བཞིན་པའི་འདྲ་པར། འདི་ནི་རྒྱ་གཞུང་གིས་གཞིས་རྩེར་གཞུང་འབྲེལ་གྱི་ཁྲིད་སྟོན་བྱས་པའི་གསར་འགོད་པ་ཚོ་བསྐྱོད་སྐབས་སུ་པར་ལེན་བྱས་པ། ༢༠༢༦།༠༩།༠༦ (Tingshu Wang/REUTERS) ཉིན་བཅུའི་རྗེས་རྒྱལ་སྤྱིའི་གསར་འགོད་པ་བསྐྱོད་བཅུག་པ། ད་རེས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་ཁག་ཅིག་འབྱུང་བའི་གནོད་འཚེ་ཚབས་ཆེ་བྱུང་སའི་སྐྱིད་གྲོང་ས་གནས་སུ་ཉིན་བཅུའི་རྗེས་སུ་བསྐྱོད་བཅུག་ཡོད་པ་ལྟར། རྒྱལ་སྤྱིའི་ཁྱོན་ནས་བོད་དོན་ལས་འགུལ་བ་དང་། གནད་དོན་དབྱེ་ཞིབ་པ་ཚོས་དྭོགས་གནད་གཙང་སེལ་གྱི་རྗེས་སུ་མི་སྣ་བསྐྱོད་བཅུག་པ་འདིར་དྲི་བ་ཞིག་གཏོང་གི་ཡོད་པ་རེད། དེ་ཡང་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་རིག་པ་བ་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་སློབ་དཔོན་ཤྲི་པརྣ་པ་ཋག་ (Sri Parna Pathak) ལགས་ཀྱིས། རྒྱ་ནག་གཞུང་གིས་ཆུ་རུད་གོད་ཆག་བྱུང་བའི་ཉིན་བཅུ་ལྷག་གི་རྗེས་སུ་གཞི་ནས་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་བོད་དུ་འགྲོ་བསྐྱོད་ཀྱི་ཆོག་མཆན་སྤྲད་ཡོད་ཀྱང་། “འདེམས་སྒྲུག་བྱས་པའི་གསར་འགོད་པ་དེ་དག་གིས་རྒྱ་ནག་གཞུང་གིས་སྣེ་ཁྲིད་པའི་ས་གནས་ཁག་ཏུ་བསྐྱོད་པ་ལས། བོད་ཀྱི་ཆུ་ལོག་གོད་ཆག་དང་འབྲེལ་བའི་སྐོར་ལ་རང་དབང་གིས་གནས་ཚུལ་བཀོད་རྒྱུ་རགས་ཀྱི་མ་རེད་ལ། ད་ཆ་རྒྱལ་སྤྱིའི་གསར་འགོད་པ་དེ་དག་བསྐྱོད་བཅུག་པའི་དམིགས་ཡུལ་གཙོ་བོ་ནི། གནས་ཚུལ་དྲིལ་བསྒྲགས་འགྲོ་བཞིན་པར་སྟངས་འཛིན་བྱེད་པའི་ཐབས་ལམ་ཞིག་ཡིན་ཏེ། དེ་ཡང་རྒྱ་ནག་གཞུང་གིས་གོད་ཆག་དེ་བཞིན་ཐོག་མ་བྱུང་སྐབས་ཁྱབ་གདལ་དུ་ཕྱིན་པའི་བརྙན་རྣམས་བསུབས་པ་དང་། ཤི་རྨས་ཀྱི་གྲངས་འབོར་ལ་དོགས་པ་བྱེད་མཁན་རྣམས་ལ་ཆད་པ་བཅད་པ། གཞུང་གིས་ཆོག་མཆན་སྤྲད་པའི་རྒྱ་ནག་གི་གསར་འགྱུར་གནས་ཚུལ་ལའང་ཚད་བཀག་སོགས་བྱས་གྲུབ་རྗེས། གཞི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱི་གསལ་ནང་གསལ་མེད་པར་སྐྱོན་བརྗོད་བྱེད་བཞིན་པར་སྟོང་ཆ་བསྐང་ཆེད་གསར་འགོད་པ་དེ་དག་མགྲོན་འབོད་བྱས་པ་ཞིག་རེད་” ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། རྒྱལ་སྤྱིའི་གསར་འགོད་པ་དེ་དག་ཕྱིན་ཡོད་ནའང་། ད་ལྟའི་རྒྱ་ནག་གཞུང་གི་ཁྱབ་བསྒྲགས་དང་གསལ་བཤད་གང་བྱེད་བཞིན་པ་ལས་ལྷག་པའི་གནས་ཚུལ་གསར་པ་དང་གནས་ཚུལ་འཕར་མ་ཤེས་རྒྱུ་ཁག་པོ་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་། དངོས་ཡོད་གནས་ཚུལ་ཕྱིར་ཐོན་ཐུབ་བམ། རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ལྦི་ན་ཡཀ་སྦཊ་ (Vinayak Bhatt) ལགས་ཀྱིས། རྒྱ་ནག་གཞུང་གིས་མགྲོན་འབོད་བྱས་པའི་གསར་འགོད་པ་དེ་དག་ལ་རྒྱ་ནག་གིས་སྟོན་འདོད་པའི་ས་ཁུལ་ཁག་ཏུ་ལམ་སྟོན་པ་དང་ལྷན་དུ་ཁྲིད་རྒྱུ་ཡིན་པ་ལས། ཁུལ་དེར་གང་ཟག་སུ་ལའང་རང་དབང་མེད་ཅིང་། སྤྱིར་བཏང་ནས་རྒྱ་ནག་གཞུང་གིས་གནས་ཚུལ་སྦས་གསང་བྱས་པའི་ལོ་རྒྱུས་ངན་པ་ཡོད་ལ། དེ་སྔ་ནས་ཁོ་ཚོས་གསར་འགོད་པའི་དྲི་བ་ལན་འདེབས་བྱེད་ཁག་པོ་རྣམས་ལ་ལན་འདེབས་བྱ་འདོད་མེད་པའི་རྐྱེན་གྱིས། དེར་གཡོལ་ཐབས་ཀྱི་ཆེད་བོད་ནང་དུ་རྒྱལ་སྤྱིའི་གསར་འགོད་པ་བཀག་སྡོམ་བྱེད་ཀྱི་ཡོད། ཐེངས་འདིའི་བཅར་འདྲི་སོགས་ཆ་ཚང་རྒྱ་ནག་གཞུང་གིས་སྟངས་འཛིན་བྱས་པ་ཞིག་ཡིན་དུས། ས་གནས་བོད་མི་རྣམས་ཀྱི་དངོས་ཡོད་ཀྱི་གནས་སྟངས་ནམ་ཡང་ཕྱིར་ཐོན་ཐབས་མེད་པ་གསུང་གི་འདུག ཟླ་ ༩ ཚེས་ ༦ ཉིན་གྱི་སྐྱིད་གྲོང་འགག་སྒོ་གནས་ཡུལ་གྱི་ས་ཆའི་གནས་སྟངས། (Tingshu Wang/REUTERS) ཟླ་བ་ ༨ ཚེས་ ༢༦ ཉིན་བོད་དང་བལ་ཡུལ་ས་མཚམས་སུ་བྱུང་བའི་འདམ་རུད་ཆུ་ལོག་གི་གོད་ཆག་འོག བལ་ཡུལ་ཕྱོགས་སུ་མི་གྲངས་ ༡༣༤༡ རྐྱེན་འདས་དང་། མི་གྲངས་ ༤༩༩༦ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གསལ་བསྒྲགས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཚེས་ ༧ བར་སྐྱིད་གྲོང་གི་གནོད་འཚེའི་ཁྲོད་མི་ ༤༣ འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་ ༥༡༩ གར་སོང་ཆ་མེད་དུ་གྱུར་ཡོད་པ་བརྗོད་ཀྱི་ཡོད་པའི་སྐབས་འདིར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ཀྱི་སྐྱིད་གྲོང་གི་ཡུལ་མི་ཞིག་གིས་བོད་དང་བལ་ཡུལ་གྱི་འགག་སྒོ་ཡོད་སའི་རི་ཟུར་གྲོང་ཚོ་གཅིག་པུ་ནས་མི་ ༢༦ འདས་གྲོངས་སུ་གྱུར་ཡོད་པ་དང་། རྒྱ་ནག་གཞུང་གིས་འཚོལ་ཞིབ་མྱུར་སྐྱོབ་བྱེད་ཀྱི་ཡོད་རུང་མི་རྙེད་ཀྱི་མི་འདུག་ཅེས་བརྗོད་ཅིང་། གནོད་འཚེ་ཕོག་ཡུལ་དུ་མི་གཏོང་གི་མེད་པར་བརྟེན་གཉེན་ཉེ་འཚོལ་བར་རི་བསྐོར་ནས་ཕྱིན་ཏེ་ཆུ་ཚོད་གསུམ་ཙམ་འཚོལ་ན་ཡང་རྙེད་མ་བྱུང་ཞེས་བརྗོད་བྱུང་ལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ཕྱོགས་ཀྱི་འགག་སྒོའི་ཉེ་ཁུལ་གྱི་གྲོང་ཚོ་ཁུལ་དུ་གནས་སྡོད་གནང་མཁན་གྱི་ཉེ་འབྲེལ་ཞིག་གིས། བོད་དང་བལ་ཡུལ་གྱི་འགག་སྒོའི་ཁུལ་དུ་གཞིས་ཀ་རྩེ། ལྷོ་ཁ།་དིང་རི་ཁུལ་སོགས་ནས་བོད་པ་ཧ་ཅང་མང་པོ་ལས་ཀ་བྱེད་ནས་གནས་སྡོད་བྱེད་མཁན་ཡོད་པས། དར་ཁྱབ་ཆེན་པོ་ཕྱིན་པའི་བརྙན་ཏེ། མི་མང་པོ་ཞིག་འགག་སྒོ་དེ་ནས་བྲོས་བཞིན་པའི་དེ་དག་ཁྲོད་བོད་མི་ཧ་ཅང་མང་པོ་ཡོད་པ་གསུངས་ཡོད་ལ། ཁོང་གིས་བོད་སྐྱིད་གྲོང་ཕྱོགས་སུ་ཆུ་ལོག་དང་འདམ་རུད་རྐྱེན་པས་བོད་མི་བརྒྱ་ལྷག་ཙམ་བརྒྱ་ཆ་བརྒྱ་ཆུས་འཁྱེར་ཡོད་པའི་ཚོད་དཔག་གནང་གི་འདུག ཁ་སྣོན། PTI གསར་ཁང་གིས་ལན་འདེབས་འབྱོར་བ་ཁ་སྣོན་ཞུས་ཡོད། ཁ་སྣོན་གསར་འགོད། བཀྲ་དབང་། བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད། འབྲེལ་ཡོད་གནས་ཚུལ། སྐྱིད་གྲོང་འགག་སྒོའི་རི་ཟུར་གྲོང་ཚོ་ནས་མི་ ༢༦ འདས་གྲོངས་སུ་སོང་ཡོད་པ་བརྗོད་བྱུང་། གནས་སྤོ་དང་མྱུར་སྐྱོབ་ཁྲོད་ཀྱི་གནས་ཚུལ་ལ་བོད་ནང་དུ་ཚོད་འཛིན། སྐྱིད་གྲོང་གི་ཁྱིམ་དུད་ ༡༥ དང་གར་སོང་ཆ་མེད་དུ་སོང་བའི་བོད་མི་སྣེ་ཤེན་པ་བཅུ། འདམ་རུད་ཆུ་ལོག་གོད་ཆག་གི་རྒྱུ་རྐྱེན་གླེང་པ། གངས་རིའི་འཁྱགས་རུད་ལས་བྱུང་བའི་གནོད་འཚེ་རེད་དམ། སྐར་མ་གསུམ་གྱི་ནང་ལ་ཡོད་ཚད་འཁྱེར་བའི་ཆུ་རུད། བལ་ཡུལ་ཏི་མུ་རེ་ནས་བོད་པ་ ༣༥ ཙམ་དང་བོད་སྐྱིད་གྲོང་གི་བོད་མི་ཁྱིམ་ཚང་མང་པོ་ཆུས་འཁྱེར། འདམ་རུད་ཀྱི་རྐྱེན་རྩ་འདི་འཁྱགས་རྡོ་ཉིལ་བའི་རྐྱེན་གྱིས་ཡིན་པར་ངོས་འཛིན་གནང་གི་འདུག བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ས་མཚམས་སུ་འདམ་རུད་དང་ཆུ་ལོག་ཚབས་ཆེན་བྱུང་འདུག

Download options
6 Sep 2026, 18:56 GMT ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ་ས་མཚམས་ཀྱི་གནོད་འཚེའི་ཁྲོད་མི་ ༤༣ འདས་གྲོངས་སུ་ཕྱིན་ཡོད་པ་བརྗོད་པའི་སྐབས་འདིར་སྐྱིད་གྲོང་གི་ཡུལ་མིས་བོད་དང་བལ་ཡུལ་གྱི་འགག་སྒོ་ཡོད་སའི་རི་ཟུར་གྲོང་ཚོ་གཅིག་པུ་ནས་མི་ ༢༦ འདས་གྲོངས་སུ་སོང་ཡོད་པ་དང་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་པ་བོད་ནང་ནས་བརྗོད་བྱུང་། སྐྱིད་གྲོང་གི་ཡུལ་མིས་གནོད་འཚེའི་གནས་སྟངས་བརྗོད་པ། དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་བོད་ཀྱི་སྐྱིད་གྲོང་གི་ཡུལ་མི་ཞིག་གིས་བརྗོད་པར། མི་མང་པོ་མེད་པ་ཆགས་སོང་། ང་ཚོ་ད་ལྟ་སྐྱིད་གྲོང་གྲོང་རྡལ་དུ་བཞག་ཡོད་པ་དང་། འཚོལ་ཞིབ་མྱུར་སྐྱོབ་བྱེད་ཀྱི་ཡོད་རུང་མི་རྙེད་ཀྱི་མི་འདུག་ཅེས་བརྗོད་བྱུང་ལ། ཁོང་གིས་འགག་སྒོ་ཡོད་སའི་རི་ཟུར་གྲོང་ཚོ་གཅིག་པུ་ནས་མི་ ༢༦ འདས་གྲོངས་སུ་གྱུར་པ་དང་། གནོད་འཚེ་ཕོག་ཡུལ་དུ་མི་གཏོང་གི་མེད་པར་བརྟེན་གཉེན་ཉེ་འཚོལ་བར་རི་བསྐོར་ནས་ཕྱིན་ཏེ་ཆུ་ཚོད་གསུམ་ཙམ་འཚོལ་ན་ཡང་རྙེད་མ་བྱུང་ཞེས་བརྗོད་བྱུང་། དེ་བཞིན་ཁོང་གིས་མི་མེད་པ་ཆགས་པ་དང་རྒྱུ་ནོར་མེད་པ་ཆགས་ནས་གང་ཡང་མེད་པ་ཆགས་སོང་། ཉིན་གཉིས་ཙམ་རིང་ང་རང་ཡིད་ཆེས་ཡོང་གི་མི་འདུག་ཅེས་བརྗོད་བྱུང་། ༢༠༢༦ ལོའི་ཟླ་ ༨ ཚེས་ ༢༦ ཉིན་བོད་ཀྱི་སྐྱིད་གྲོང་ཁུལ་དུ་འདམ་རུད་དང་ཆུ་རུད་ཚབས་ཆེན་བྱུང་སྐབས་ཀྱི་སྐྱིད་གྲོག་འགག་སྒོ (SOCIAL MEDIA via REUTERS) འགག་སྒོ་ཡོད་སར་གྱོང་གུན་ཆེན་པོ་ཕོག་ཡོད་པ། སྐྱིད་གྲོང་དུ་ཡོད་པའི་རྒྱ་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་པར། གོད་ཆག་བྱུང་པའི་ཉིན་མོར་ཁོང་རང་སྐྱིད་གྲོང་འགག་སྒོ་ཡོད་སར་མེད་པས་གསོན་ཐུབ་པ་བྱུང་བ་དང་། ད་ལྟ་འགག་སྒོ་ནས་སྤྱི་ལེ་ ༢༠ ཙམ་གྱི་སར་ཡོད་པའི་སྐྱིད་གྲོང་གྲོང་རྡལ་དུ་བསྡད་ཡོད་པ་བརྗོད་བྱུང་། ཁོང་གིས་འགག་སྒོ་ཁུལ་དུ་གཏོར་སྐྱོན་ཧ་ཅང་ཚབས་ཆེན་ཕོག་པ་དང་། མི་གཅིག་ཀྱང་གསོན་ཐུབ་མེད། ཚོད་དཔག་བྱས་ན་མི་ ༨༠༠ ཙམ་ཡོད་རེད། དེར་ཚོང་ཁང་བཅུ་ཙམ་དང་ཟ་ཁང་བཞི་ཙམ་ཡོད་པ་བརྗོད་ཅིང་། གྱོང་གུན་ཧ་ཅང་ཆེན་པོ་ཡིན་པས་གོང་གུན་དངོས་གནས་ཇི་ཙམ་ཡིན་མིན་ད་ལྟ་ཚོད་དཔག་བྱེད་དཀའ་བས། གནས་ཚུལ་གསར་པ་དང་གཞུང་ཕྱོགས་ཀྱི་ཐག་གཅོད་ལ་སྒུག་བཞིན་ཡོད་པ་བརྗོད་བྱུང་། ཟླ་ ༩ ཚེས་ ༦ ཉིན་གྱི་སྐྱིད་གྲོང་འགག་སྒོ་གནས་ཡུལ་གྱི་ས་ཆའི་གནས་སྟངས། (Tingshu Wang/REUTERS) བལ་ཡུལ་གྱི་ཕུག་ལམ་ནས་གསོན་པོ་རྙེད་པ། ཟླ་ ༩ ཚེས་ ༥ ཉིན་བལ་ཡུལ་གྱི་ཕྱོགས་ལ་ཆུ་གློག་ལས་གྲའི་མི་ཌར་ ༢༢༥ ཡོད་པའི་ཕུག་ལམ་ཞིག་གི་ནང་ནས་རྒྱ་ནག་གི་མི་སེར་ཀླུ་ཧེ་ཐའོ་ (Lu Haitao) ཟེར་བ་ཞིག་སྐྱོབ་ཐུབ་ཡོད་པ་དང་། བལ་ཡུལ་དམག་དཔུང་གིས་ཁོང་ལ་རྨས་སྐྱོན་མངོན་གསལ་མེད་ཅིང་། ཚེ་སྲོག་གི་རྟགས་མཚན་བརྟན་པོ་ཡོད་ཀྱང་གྲང་ངར་ཕོག་པའི་རྟགས་མཚན་ཅུང་ཟད་ཡོད་པར་བརྗོད་འདུག་ལ། ཕུག་ལམ་ཁག་ནས་ད་བར་གསོན་པོར་སྐྱོབ་ཐུབ་པའི་མི་གསུམ་པ་དེ་ཡིན་ཞིག་། ཚེས་ ༤ ཉིན་ཆུ་གློག་ལས་གྲའི་ཕུག་ལམ་གཞན་ཞིག་ནས་མི་གཉིས་གསོན་པོར་སྐྱོབ་ཐུབ་ཡོད་འདུག འདས་གྲོངས་དང་གར་སོང་ཆ་མེད་དུ་སོང་བ་ཕར་བཞིན་ཡོད་པ། ཟླ་ ༩ ཚེས་ ༦ ཉིན་བལ་ཡུལ་གཞུང་གི་གསལ་བསྒྲགས་ལྟར་ན། གནོད་འཚེའི་ཁྲོད་མི་ ༡༣༤༡ གི་ཕུང་པོ་རྙེད་ཡོད་པ་དང་། མི་ ༤༩༩༦ ད་དུང་གར་སོང་ཆ་མེད་དུ་ལུས་ཡོད་པ་བརྗོད་འདུག ཟླ་ ༩ ཚེས་ ༥ བར་རྒྱ་ནག་གཞུང་གི་གསལ་བསྒྲགས་ལྟར་ན། བོད་ཕྱོགས་སུ་མི་ ༤༣ འདས་གྲོངས་སུ་སོང་བ་དང་། མི་ ༥༡༩ གར་སོང་ཆ་མེད་དུ་གྱུར་ཡོད་པའི་ཁོངས་སུ་རྒྱལ་ཁབ་ ༢༣ གྱི་ཕྱི་རྒྱལ་མི་སེར་ ༢༦༡ ཚུད་ཡོད་པ་དང་། དེའི་ཁོངས་སུ་རྒྱ་གར་གྱི་མི་སེར་ ༤༩ ཡོད་པ་བརྗོད་འདུག བལ་ཡུལ་ཕྱོགས་ཀྱི་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་བྱུང་ཡུལ། (REUTERS) སྐྱིད་གྲོང་འགག་སྒོ་ནས་མི་ ༡༢ ཀྱི་ཕུང་པོ་རྙེད་པ། ཟླ་ ༩ ཚེས་ ༦ ཉིན། རྒྱ་ནག་གཞུང་གིས་སྐྱིད་གྲོང་འགག་སྒོའི་གནོད་འཚེ་ཕོག་ཁུལ་ནས་མི་ ༡༢ ཀྱི་ཕུང་པོ་རྙེད་ཡོད་པ་དང་། མྱུར་སྐྱོབ་རུ་ཁག་གིས་ས་རྐོ་འཕྲུལ་ཆས་དང་། ས་འོག་རྟོག་ཞིབ་ར་ཌར་སོགས་ལག་ཆ་བེད་སྤྱད་དེ་འདམ་རྡོའི་འོག་ཏུ་ཤོར་བའི་འགག་སྒོའི་ས་ཁུལ་དུ་འཚོལ་ཞིབ་མུ་མཐུད་བྱེད་བཞིན་ཡོད་སྐོར་རོའི་ཊརསི་གསར་ཁང་གིས་བརྗོད་འདུག སྐྱིད་གྲོང་འགག་སྒོ་ཕལ་ཆེར་རྩ་མེད་དུ་གྱུར་པ། ཟླ་ ༩ ཚེས་ ༦ ཉིན་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་བཀོད་སྒྲིག་འོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་གི་གསར་འགོད་པ་སྐྱིད་གྲོང་འགག་སྒོའི་གནོད་འཚེ་ཕོག་ཁུལ་དུ་བཏང་ཡོད་པས། དེ་སྔོན་ས་མཚམས་སུ་ཡོད་པའི་ཐོག་བརྩེགས་ལྔ་ཡོད་པའི་རྒྱ་ནག་གི་འགག་སྒོའི་ཁང་པ་དེ་ཤུལ་ཙམ་ཡང་མེད་པ་དང་། མི་ཌར་ ༢༠ ཙམ་མཐོ་བ་ཡོད་སའི་ས་ཆར་ད་ཆ་རྒྱ་ནག་གི་རྒྱལ་དར་ཞིག་བཙུགས་ཡོད་པ་མ་གཏོགས། ཉེ་འཁོར་ཚང་མ་འདམ་རྡོ་ནག་པོས་ཁེངས་ཡོད་པ་རོའི་ཊརསི་གསར་ཁང་གི་གསར་འགོད་པས་མཐོང་འདུག། འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཕོག་ཡུལ་སྐྱིད་གྲོང་འགག་སྒོའི་ད་ལྟའི་གནས་སྟངས། (Tingshu Wang/REUTERS) འདས་པོའི་ངོ་རྟགས་ངོས་འཛིན་དང་གནས་ཚུལ་མཉམ་སྤྱོད་ཐད་དོགས་གཞི། རྒྱ་ནག་གཞུང་གིས་འདས་པོའི་ཕུང་པོ་རྙེད་སྐབས་མཛུབ་རིས་དང་། ལུས་ཐོག་གི་རྟགས་མཚན། གཟུགས་རིས་སོགས་ཐོ་འགོད་བྱེད་ཀྱི་ཡོད་པ་དང་། གནོད་འཚེ་ཕོག་ས་ནས་མི་སྒེར་གྱི་ཅ་དངོས་ ༩༩༣ རྙེད་ཡོད་པར་བརྗོད་ཡོད། འོན་ཀྱང་རྒྱལ་ཁབ་བཞིའི་འཐུས་མིས་རོའོ་ཌརསི་གསར་ཁང་ལ་རྒྱ་ནག་གཞུང་གིས་འདས་པོའི་རིགས་རྫས་ (DNA) ངོས་འཛིན་ཇི་ལྟར་བྱ་རྒྱུ་ད་དུང་ཁ་གསལ་བཤད་མེད་པ་དང་། འགག་སྒོའི་བརྙན་པར་དང་གདོང་རིས་ངོས་འཛིན་གྱི་བརྙན་རིས་ཁག་འདས་པོ་ངོས་འཛིན་ཆེད་ནང་མིར་མཉམ་སྤྱོད་བྱ་ཐུབ་མིན་གྱི་དྲི་བར་ཡང་ལན་ཐོབ་མེད་པར་བརྗོད་འདུག ཡང་རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ནས་གནོད་འཚེའི་གནས་ཚུལ་གསལ་བསྒྲགས་ཁ་གསལ་དང་དུས་ཐོག་ཏུ་བྱས་ཡོད་པ་དང་། རྒྱལ་ཁབ་དང་ལས་ཁུངས་གཞན་དང་མཉམ་ལས་བྱ་རྒྱུར་གྲ་སྒྲིག་ཡོད་པར་བརྗོད་འདུག བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ། འབྲེལ་ཡོད་གནས་ཚུལ། གནས་སྤོ་དང་མྱུར་སྐྱོབ་ཁྲོད་ཀྱི་གནས་ཚུལ་ལ་བོད་ནང་དུ་ཚོད་འཛིན། སྐྱིད་གྲོང་གི་ཁྱིམ་དུད་ ༡༥ དང་གར་སོང་ཆ་མེད་དུ་སོང་བའི་བོད་མི་སྣེ་ཤེན་པ་བཅུ། འདམ་རུད་ཆུ་ལོག་གོད་ཆག་གི་རྒྱུ་རྐྱེན་གླེང་པ། གངས་རིའི་འཁྱགས་རུད་ལས་བྱུང་བའི་གནོད་འཚེ་རེད་དམ། སྐར་མ་གསུམ་གྱི་ནང་ལ་ཡོད་ཚད་འཁྱེར་བའི་ཆུ་རུད། བལ་ཡུལ་ཏི་མུ་རེ་ནས་བོད་པ་ ༣༥ ཙམ་དང་བོད་སྐྱིད་གྲོང་གི་བོད་མི་ཁྱིམ་ཚང་མང་པོ་ཆུས་འཁྱེར། འདམ་རུད་ཀྱི་རྐྱེན་རྩ་འདི་འཁྱགས་རྡོ་ཉིལ་བའི་རྐྱེན་གྱིས་ཡིན་པར་ངོས་འཛིན་གནང་གི་འདུག བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ས་མཚམས་སུ་འདམ་རུད་དང་ཆུ་ལོག་ཚབས་ཆེན་བྱུང་འདུག

Download options
5 Sep 2026, 15:40 GMT བདེ་སྐྱིད་ཀུན་སྒྲོལ།

རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་དུ་ཆིབས་སྒྱུར་གནང་འཇུག་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་གི་འདུག རྒྱ་རིགས་མང་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོ་ཧྥི་ལའོ་ (Sophieluo Shengchun) ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ནི་ད་ལྟའང་བོད་ནང་དང་བོད་ནང་གི་བོད་མི་རྣམས་དང་ལྷན་དུ་ཡོད་པ་དང་ཕྱིར་ཆིབས་བསྒྱུར་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་ཚོར་བྱུང་། ༧གོང་ས་མཆོག་གིས་རང་དབང་ལྡན་ཞིང་ཡིད་དུ་འོང་བའི་རྒྱ་ནག་ཅིག་ཆགས་ཐུབ་པའི་ཐུགས་རེ་གནང་གི་འདུག” ཅེས་གསུངས་ཕྱི་ཚེས་ ༥ ཉིན་༧གོང་ས་མཆོག་གི་མཇལ་ཁ་ཞུས་རྗེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། སོ་ཧྥི་ལའོ་ལགས་ནི་རྒྱ་ནག་གི་བཙོན་དུ་ཡོད་པའི་ཆབ་སྲིད་བཙོན་པ་དྷིང་ཅིའ་ཞི་ཡིའི་བཟའ་ཟླ་ཡིན་པ་རེད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་ ༩ ཚེས་ ༥ ཉིན་རྒྱ་རིགས་མང་གཙོ་དོན་གཉེར་བ་ ༢༥ ལྷག་ལ་མཇལ་ཁ་སྩལ་ཡོད་ཅིང་། རྒྱ་རིགས་དེ་དག་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུར་ཚོགས་བཅར་ཆེད་བཞུགས་སྒར་རྡ་རམ་ས་ལར་བཅར་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་ཅིག་གིས། བོད་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕ་ཡུལ་ཡིན་པས། རྒྱ་ནག་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་མགོན་པོ་མཆོག་བོད་དུ་ཕེབས་བཅུག་དགོས་གལ་ཆེ་བ་གསུང་གི་འདུག ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་པེ་ཅིང་གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་དུ་སློབ་ཕྲུག་གྱིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་སྐབས་ཀྱི་འགོ་ཁྲིད་གཙོ་བོའི་གྲས་ཝང་ཌན་ (Wang Dan) ལགས་ཀྱིས། “ཐེངས་འདིར་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེས། ང་ཚོ་ཚང་མའི་སེམས་ལ་དགའ་སྤྲོ་ཆེན་པོ་བྱུང་ཞིང་། མི་མང་པོ་ཞིག་མིག་ཆུ་བཏང་སོང་ལ་ང་ཡང་སྐབས་དེར་མིག་ཆུ་དབང་མེད་དུ་ཤོར་སོང་། ཐེངས་འདིར་ང་ལ་མཇལ་ཁ་ཐོབ་པ་དེ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་ལ། མཇལ་ཁའི་སྐབས་༧སྐུའི་འཕྲོད་བཞེས་གང་ལེགས་ཡོད་པ་མཇལ་བྱུང་། མཇལ་ཁའི་སྐབས་ངས་༧གོང་ས་མཆོག་གིས། འཛམ་བུ་གླིང་འདིའི་ཐོག་མི་རིགས་འདྲ་མཉམ་གྱི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པའི་ཐུགས་སྨོན་དང་། རྒྱ་ནག་ནང་རང་དབང་ལྡན་ཞིང་མང་གཙོའི་སྤྱི་ཚོགས་ཤིག་བྱུང་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་ལྟར་ཚོར་བྱུང་བས། དེ་ནི་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་བྱུང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་རིགས་ཆ་ཚང་མཚོན་ཐུབ་པའི་མི་སྣ་གཅིག་པུ་དེ་ཡིན་པས། ངའི་རེ་བ་ལ་རྒྱ་ནག་གཞུང་གིས་མགོན་པོ་མཆོག་བོད་དུ་ཕེབས་བཅུག་སྟེ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཁོང་དང་གྲོས་མོལ་གནང་དགོས་གལ་ཆེ་བ་མཐོང་གི་འདུག་ལ། ༧སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གིས་ཐག་ཆོད་གང་གནང་པ་དེར་གུས་བརྩི་བྱ་དགོས་པ་རེད།” ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་གི་འདུག ཡང་ཨ་རིའི་ནང་རྟེན་གཞི་བྱས་པའི་ (Institute for China’s Democratic Transition ) ཞེས་རྒྱ་རིགས་མང་གཙོ་དོན་གཉེར་ལྟེ་གནས་ཁང་གི་ཚོགས་གཙོ་དང་། (China Journal of Democracy) ཡི་སྤྱི་ཁྱབ་རྩོམ་སྒྲིག་པ་ཐིཡན་ཆེང་ལྦང་ (Tiancheng Wang) གིས། “ཐེངས་འདིར་ང་ལ་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ཐེངས་གཉིས་པ་ཡིན། དེ་སྔ་༧མགོན་པོ་མཆོག་སུད་སི་ཇི་ནི་ལྦར་ཕེབས་པའི་སྐབས་དེར་ང་ལ་མཇལ་ཁ་ཐོབ་མྱོང་ཡོད། བོད་ནི་༧གོང་ས་མཆོག་གི་ཕ་ཡུལ་ཡིན་པས་རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་གསལ་བའི་ཆོས་དད་རང་དབང་དང་མཐུན་པ་ལྟར། ཁོང་བོད་དུ་ཕེབས་བཅུག་དགོས་གལ་ཆེ་བ་ཡིན།” ཞེས་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་ ཅིའང་ལིན་ (Jiang Lin) གྱིས། “ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་དེ་སྐལ་བ་བཟང་པོ་དང་ཚོར་ཤུགས་ཆེན་པོ་བྱུང་། མཇལ་ཁ་དེའི་བརྒྱུད་༧གོང་ས་མཆོག་གིས་བོད་རིགས་དང་རྒྱ་རིགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་གནང་མཁན་ཚང་མར་ཐུགས་བརྩེ་བ་ཆེན་པོ་གནང་གི་ཡོད་པའི་ཚོར་བ་ཆེན་པོ་བྱུང་བས། གནས་སྟངས་དེའི་འོག་རྒྱ་ནག་གཞུང་གིས་དྭང་ལེན་གྱིས་ཁོང་བོད་དུ་ཕེབས་བཅུག་སྟེ། གྲོས་མོལ་མགྱོགས་པོ་གནང་དགོས་གལ་ཆེ་བ་ལས། དེ་ལྟར་མ་བྱུང་ཚེ་རྒྱ་ནག་གཞུང་གི་སྲིད་བྱུས་ངན་པ་ཕྱི་གསལ་ནང་གསལ་ཆགས་ངེས་རེད།” ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། རྒྱ་གར་དང་། བྱང་ཨ་རི། ཁེ་ན་ཌ། ཨིན་ཡུལ། ཇར་མ་ནི། ནི་དྷར་ལེནྜ། ཨོསི་ཊརེ་ལི་ཡ། ཉི་འོང་། ཐའེ་ཝན། ལྷོ་སོག་བཅས་ཀྱི་རྒྱ་ནག་ཉམས་ཞིབ་པ་དང་། མཁས་དབང་། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཁྱོན་ ༢༩ མཉམ་ཞུགས་ཀྱིས། བཞུགས་སྒར་དུ་འཚོགས་པའི་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་གླེང་སྟེགས་ཞེས་པའི་ཚོགས་འདུའི་སྐབས། ༧སྐུའི་ཡང་སྲིད་གཙོ་བོར་བྱས་པའི་བོད་དོན་དང་འབྲེལ་བའི་བསྒྲགས་གཏམ་ལྔ་གཏན་འབེབས་གནང་འདུག་པ་ནི། བོད་རྒྱའི་དཀའ་རྙོག་དེ་བཞིན་ཞི་བདེ་དང་། ཁ་ཡོད་ལག་ཡོད། གྲོས་མོལ་བཅས་ཀྱི་ཐབས་ལམ་བརྒྱུད་ནས་སེལ་དགོས་པའི་གལ་གནད་སྐོར་ནན་བརྗོད་གནང་བ་དང་སྦྲགས། བོད་དང་རྒྱ་ནག་གི་མང་གཙོའི་ལས་འགུལ་གཉིས་ཀའི་ཐུན་མོང་གི་རྩ་དོན་ནི་འཚེ་མེད་ཞི་བའི་འགོག་རྒོལ་ཡིན་པ་ངོས་འཛིན་དང་། བཙན་བྱོལ་བོད་མིའི་མང་གཙོ་གོང་འཕེལ་དང་། རྒྱ་ནག་ནང་རྒྱ་ཆེ་བའི་མང་གཙོའི་བརྒྱུད་རིམ་ལ་རྒྱབ་སྐྱོར་བྱེད་དགོས་པ་། བོད་ཀྱི་ལོ་རྒྱུས། བོད་རྒྱའི་འབྲེལ་ལམ། དབུ་མའི་ལམ་བཅས་ཀྱི་གོ་རྟོགས་གཏིང་ཟབ་གཏོང་རྒྱུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐོག་གི་བདག་དབང་ཆ་ཚང་༸གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ལ་ཡོད་པ། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་དེ་ཁྲིམས་ཡིག་དེ་ཕྱིར་འཐེན་དགོས་པའི་འབོད་སྐུལ་བཅས་ཡིན་པ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། རྩ་བའི་ཐེངས་འདིར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་བ་དེ་ནི། ལ་དྭགས་སུ་ཟླ་གྲངས་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་བཞུགས་གདན་འཇགས་རྗེས། བཞུགས་སྒར་དུ་སྩལ་བའི་མང་མཇལ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།། པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download options
4 Sep 2026, 15:55 GMT བདེ་སྐྱིད་ཀུན་སྒྲོལ།, འཕྲིན་ལས་ཆོས་སྒྲོན།

ཟླ་ ༩ ཚེས་ ༤ ཉིན་ལ་དགས་ཀྱི་དམག་མིའི་ཐད་འཕུར་གནམ་གྲུ་བརྒྱུད་ཐད་ཀར་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་སོང་།

Download Video
RFA logo
Video
Credit: བདེ་སྐྱིད་ཀུན་སྒྲོལ།, འཕྲིན་ལས་ཆོས་སྒྲོན།
4 Sep 2026, 15:55 GMT བདེ་སྐྱིད་ཀུན་སྒྲོལ།, འཕྲིན་ལས་ཆོས་སྒྲོན།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་གཉིས་ལྷག་གི་རིང་ལ་དྭགས་སུ་མཛད་འཆར་དང་སྐུ་ལྷོད་བཞུགས་མཛད་གྲུབ་སྟེ། ཟླ་ ༩ ཚེས་ ༤ ཉིན་ལ་དྭགས་ཀྱི་དམག་མིའི་ཐད་འཕུར་གནམ་གྲུ་བརྒྱུད་ཐད་ཀར་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་སོང་། ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་དྭངས་སྐྱེད་གང་ལེགས་བྱུང་ཡོད་པ་མཇལ་བ་དེས་དད་ལྡན་མང་ཚོགས་ཀྱིས་དགའ་སྤྲོའི་རྣམ་པ་གསལ་སྟོན་གནང་གི་འདུག སྒ་སྒལ་གནམ་ཐང་ནས་བཞུགས་སྒར་ཕོ་བྲང་བར་ས་ཚིགས་སོ་སོར་མི་མང་ཚོས་དགའ་དད་སྤྲོ་གསུམ་གྱི་ངང་ཕེབས་བསུ་གཟབ་རྒྱས་ཞུས་པ། ༢༠༢༦།༠༩།༠༤ (RFA Tibetan) དེ་ཡང་ག་གྷལ་གནམ་ཐང་དུ་ཕེབས་བསུར་བཅར་མཁན་གངས་དཀར་བསྟན་འཛིན་ལགས་ཀྱིས། ༧སྐུའི་ཞབས་པུས་སྨན་བཅོས་གང་འདྲ་བྱུང་ཡོད་མེད་ཐད་མང་ཚོགས་ནས་དུས་ཡུན་རིང་པོར་སེམས་ཁྲལ་བྱེད་བཞིན་ཡོད་ཀྱང་། ད་ཆ་ཚང་མར་མཇལ་ཁ་ཐོབ་དུས་དགའ་སྤྲོ་ཆེན་པོ་བྱུང་ཡོད་ཅིང་། དམིགས་བསལ་བཞུགས་སྒར་དུ་༧གོང་ས་མཆོག་བཞུགས་མེད་ན་སྤྱི་ཚོགས་སྟོང་ལྷང་ངེ་ཚོར་ཞིང་། རྡ་ས་མེག་ལོཌི་གྷན་ཇི་ཁྲོམ་གཞུང་དུ་ཚོང་ཡིན་ནའང་མེད་པ་ལྟ་བུར་གྱུར་གྱི་ཡོད་པས། ༧མགོན་པོ་ཕྱོགས་ཕྱིར་ཞབས་སོར་འཁོད་པར་དགའ་སྤྲོ་ཆེན་པོ་བྱུང་ཞེས་གསུང་གི་འདུག་ལ། ཆོས་སྒྲོན་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ངང་བཞུགས་སྒར་དུ་ཕྱིར་ཕེབས་མཛད་ཡོད་པས་ང་ཚོ་ཚང་མར་དགའ་ཚོར་ཞེ་དྲགས་ཡོང་གི་འདུག་ཅེས་གསུངས་བྱུང་། ཡང་ས་རཱ་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་ཐོས་པ་ཙམ་གྱིས། མཚན་ལ་གཉིད་ཁུག་མི་ཐུབ་པའི་ཚོར་བ་དམིགས་བསལ་ཅན་ཞིག་བྱུང་ལ། ད་ཆ་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་བྱུང་། ལ་དྭགས་སུ་ཟླ་བ་གཉིས་ཙམ་སྐུ་བཞུགས་མཛད་པའི་རིང་། ཕྱི་ནང་གི་གནས་ཡོད་མི་སྣ་དང་མང་ཚོགས་བཅས་ ༢༡༥༠༠ ལྷག་ལ་མཇལ་ཁ་བསྩལ་ཡོད་པ་རེད། རྩ་བའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མ་སྨན་བཅོས་དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིའི་ཨ་པོ་ལོ་སྨན་ཁང་དུ་ལེགས་གྲུབ་བྱུང་སྟེ། ལ་དྭགས་སུ་ཆིབས་བསྒྱུར་མཛད་ཡོད་ཅིང་། ལ་དྭགས་སུ་བཞུགས་གདན་འཇགས་ཡུན་རིང་དད་ལྡན་པ་ ༢༡༥༠༠ ལྷག་ལ་མཇལ་ཁ་སྩལ་བའི་ཁྲོད། ཕྱི་ཟླ་ ༧ ཚེས་ ༢༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་མཇལ་སྩལ་ཆེད་ཕོ་བྲང་ནས་མི་མང་མདུན་སར་ཆིབས་སྒྱུར་བསྐྱངས་སྐབས། ཞབས་གོམ་ཐོག་མ་དེ་བསྐྱོན་གནང་ཡོད་པའི་བརྙན་ཞིག་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤེལ་ཡོད་པ་རེད་ལ། དེ་འབྲེལ་༧སྐུ་བཅར་ཕྱི་ལུགས་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཟུར་དུ་དམིགས་བསལ་བཅར་འདྲི་དྭང་ལེན་གནང་སྐབས། སྤྱིར་བཏང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་གནང་པ་ནས་བཟུང་ཞབས་གོམ་བསྐྱོན་ཕྲན་བུ་བསྐྱོན་དང་སྐྱོན་བཞིན་ཡོད་པ་ལྟར་ཉིན་རེ་བཞིན་ཞབས་གོམ་ཇེ་མང་བསྐྱོན་ཏེ་ཇེ་ལེགས་སུ་དྭངས་སྐྱེད་ཕེབས་ཡོད་ཅིང་། ༧གོང་ས་མཆོག་གི་སྤྱི་ཡོངས་ཀྱི་སྐུ་ཁམས་བདེ་ཐང་ཡིན་པས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཐུགས་ཕྲལ་གནང་དགོས་མི་འདུག་ཅེས་གསུངས་ཡོད་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༩ ཚེས་ ༤ ཉིན་ལ་དྭགས་ནས་བཞུཊ་སྒར་དུ་ཆིབས་ཞལ་བསྒྱུར་པ། སྐུ་ཁམས་ཧ་ཅང་ཡག་པོ་ཡོད་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས། ད་རེས་༧གོང་ས་མཆོག་ལ་དྭགས་སུ་བཞུགས་གདན་འཇགས་པའི་རིང་མི་མང་ཧ་ཅང་མང་པོར་མཇལ་ཁ་བསྩལ་གནང་མཛད་པ་དང་། ཞབས་པུས་འཕྲོད་བཞེས་ཀྱི་རྗེས་སུ་མཇུག་སྐྱོང་གི་དྭངས་སྐྱེད་ཡག་པོ་བྱུང་ཞིང་། སྐུའི་ལུས་སྦྱོང་གི་གནང་སྒོ་གང་ལེགས་བྱུང་ཞིང་སྐུ་ཁམས་དྭངས་སྐྱེད་ཕེབས་པ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་མཇལ་རྒྱུ་བྱུང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཐེངས་འདིར་༧གོང་ས་མ་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར་མ་གནང་གོང་། རྡ་ས་བཅའ་བཞུགས་བོད་མི་ཁག་གཅིག་གིས་ཆར་དུས་ཀྱིས་གས་ཆག་ཕྱིན་པའི་ཕེབས་ལམ་རྣམས་ལ་ས་འགྱངས་པ་དང་ཁོད་སྙོམས་པ་སོགས་བྱས་ཏེ། ༧སྐུའི་ཆིབས་ཌོའི་ཕེབས་ལམ་དུ་སྟབས་བདེ་ཡོང་བར་རམ་འདེགས་ཞུས་གནང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཉིན་གྲངས་ ༦༧ ལ་དྭགས་སུ་བཞུགས་གདན་འཇགས་པའི་རིང་མཛད་འཕྲིན་མང་དག་ཅིག་བསྐྱངས་གནང་མཛད་ཡོད་པའི་ཁྲོད་ཕྱི་རྒྱལ་དང་རྒྱ་གར་གྱི་གནས་ཡོད་མི་སྣ་གཙོ་བོར་གྱུར་བའི་མི་མང་ ༢༡༥༠༠ (ཉིས་ཁྲི་ཆིག་སྟོང་ལྔ་བརྒྱ་) ཙམ་ལ་མཇལ་ཁ་བསྩལ་ཡོད་པ་དེའི་ཁོངས་སུ་ལ་དྭགས་པ་དང་། བོད་མི། ཧི་མ་ལ་ཡའི་རི་རྒྱུད་ནས་མི་གྲངས་ ༡༨༢༠༠ ལྷག་ཙམ་དང་། རྒྱ་གར་བ་ཚུད་པའི་ཕྱི་རྒྱལ་བ་ ༣༣༠༠ ཙམ་ཡོད་ཅིང་། དེའི་ཁོངས་སུ་རང་ལོ་ ༤༩ མན་གྱི་མི་གྲངས་ ༡༥༧༠༠ ཙམ་བྱུང་ཡོད་འདུག ལ་དྭགས་སུ་དུས་ཡུན་ཟླ་བ་གཉིས་ལྷག་ཙམ་གྱི་རིང་མཛད་འཕྲིན་བསྐྱངས་ཏེ་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་པ། པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད། འཕྲིན་ལས་ཆོས་སྒྲོན། བརྙན་ཐུང་སྒྲིག་སྦྱོར་བ། བཀྲ་དབང་།

Download options
3 Sep 2026, 15:56 GMT བཀྲ་དབང་།

སིཔེན་གྱི་རྐང་སྤོལ་རྩེད་འགྲན་རུ་ཁག་གིས་བོད་བལ་ས་མཚམས་ཀྱི་གོད་ཆག་ཕོག་པ་ཚོར་མྱ་ངན་ཞུས་པར་རྒྱ་ནག་གིས་ངོ་རྒོལ་བྱས་འདུག གོ་ལའི་དུས་བབ་ཅེས་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ཡོ་རོབ་སིཔེན་གྱི་རྐང་སྤོལ་རྩེད་འགྲན་རུ་ཁག་གྲགས་ཅན་རིཡལ་མེཌ་རིཌ་ (Real Madrid) ལ་བོད་དང་བལ་ཡུལ་གྱི་ས་མཚམས་སུ་ཚབས་ཆེའི་གོད་ཆག་ཕོག་པའི་གནས་ཚུལ་བྱུང་པར་དཀའ་སྡུག་མྱོང་མཁན་ཚོར་མྱ་ངན་ཞུས་པ་དང་དེ་འབྲེལ་གྱི་གནས་ཚུལ་ཞིག་རྩེད་འགྲན་རུ་ཁག་དེའི་ X དྲ་རྒྱའི་ཐོག་ལ་བཀོད་སྤེལ་བྱས་ཤིང་། དེའི་ནང་བལ་བོད་ས་མཚམས་ལ་བལ་ཡུལ་དང་བོད་ (Nepal and Tibet) ཅེས་མིང་འདོན་བྱས་ཏེ་བཀོད་པ་དེའི་ཐད་རྒྱ་ནག་གཞུང་གིས་ China’s Xizang འབོད་དགོས་སྐོར་དཔྱད་རྩོམ་ཞིག་སྤེལ་འདུག གནས་ཚུལ་འདི་ནི་རིཡལ་མེཌ་རིཌ་ (Real Madrid) དང་མ་ལ་གྷ་ (Malaga) རུ་ཁག་གཉིས་ཀྱི་དབར་ཕྱི་ཟླ་ ༨ ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་སིཔེན་གྱི་མེཌ་རིཌ་ (Madrid) གྲོང་ཁྱེར་གྱི་སེན་ཏྱི་གྷོ་སྦར་ནེ་སྦིའུ་ (Santiago Bernebeu) རྩེད་ཐང་དུ་ཚོགས་པའི་རྐང་པོལ་རྩེད་འགྲན་མ་ཚོགས་གོང་བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་བྱུང་པའི་གོད་ཆག་ཕོག་མི་ཚོར་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུས་པའི་རྗེས་སུ་རྒྱ་ནག་གཞུང་གིས་ཕྱི་ཟླ་ ༩ ཚེས་ ༡ ཉིན་སྐྱོན་བརྗོད་བྱས་པ་ཞིག་ཡིན་པ་དང་། རྩེད་འགྲན་རུ་ཁག་དེའི་སྤྱི་ཚོགས་དྲ་རྒྱའི་ཐོག་ལ་གནས་ཚུལ་འདི་མངོན་རྒྱུ་མེད་པར་གྱུར་འདུགརིཡལ་མེཌ་རིཌ་ (Real Madrid) རྩེད་འགྲན་རུ་ཁག་ལ་ X དྲ་རྒྱའི་ཐོག་རྗེས་འབྲངས་པ་མི་གྲངས་ས་ཡ་ ༥༠ ཙམ་ཡོད་པ་རེད། རྒྱ་ནག་གི་དཔྱད་རྩོམ་འདིའི་ནང་རྩེད་འགྲན་འདི་འདྲ་ཞིག་མ་ཚོགས་གོང་གོད་ཆག་ཕོག་པ་ཚོར་མྱ་ངན་ཞུས་པ་འདི་དྲ་ཐོག་ཏུ་སྤེལ་བའི་ཚིག་བརྗོད་སྤྱོད་སྟངས་ཏག་ཏག་བསྡད་མེད་པ་དང་བོད་ལ་དབྱིན་སྐད་ཐ་སྙད་ཊི་སྦེཊི་ (Tibet) ནས་ཤི་ཙང་ (Xizang) ལ་བསྒྱུར་ཟིན་པས། རྒྱལ་ཁབ་གཅིག་གི་མངའ་དབང་ལ་ཐུགས་ཡོད་ཅེས་བརྗོད་ཡོད་པ་རེད།ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ནས་བཟུང་ཕྱི་འབྲེལ་གྱི་ལས་དོན་དང་། རྒྱ་ནག་གི་གཞུང་འབྲེལ་གྱི་བརྒྱུད་ལམ་དང་ཡིག་ཆ་ཁག་ཏུ་དབྱིན་སྐད་ནང་དུ་ཡང་ Xizang ཟེར་བཀོལ་སྤྱོད་བྱས་འགོ་བཙུགས་ཡོད་ལ། ཕྱི་ལོ་ ༢༠༢༤ དང་ ༢༠༢༥ ནས་བཟུང་རྒྱལ་སྤྱིའི་ནང་དུ་རྒྱ་ནག་དང་མཉམ་སྦྲེལ་བྱེད་མཁན་གསར་འགྱུར་བརྒྱུད་ལམ་སོགས་ལའང་དེ་མཚུངས་བཀོལ་སྤྱོད་བྱེད་རྒྱུར་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་རེད། ཨ་རིའི་རེནཌི་ཉམས་ཞིབ་བསྟི་གནས་ཁང་གི་སྲིད་དོན་རིག་པ་བ་སིཀོཊ་ཧེ་རོལཌི་ལགས་ཀྱིས་ཕྱི་ཟླ་ ༤ པའི་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འདིའི་ཐད་དབྱེ་ཞིབ་འགྲེལ་བརྗོད་གནང་པའི་ནང་། རྒྱ་ནག་གཞུང་གིས་བོད་ལ་དབྱིན་སྐད་ཐོག་ Xizang ཟེར་བརྒྱུད་བསྒྲགས་བྱས་པ་འདི། རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཀྱི་ཐ་སྙད་ Tibet ཅེས་པ་ནག་བསུབ་གཏོང་ཆེད་དུ་དམིཊ་པ་དང་། རྒྱ་ནག་གི་བོད་ཐོག་བདག་དབང་ཡོད་ཚུལ་དྲིལ་བསྒྲགས་བྱེད་བཞིན་པ་འདིར་རྒྱལ་སྤྱིའི་ཐོག་ནས་ངོས་ལེན་ཡོད་མདོག་ཀྱི་རྣམ ་པ་སྟོན་ཐབས་བྱས་པ་ཞིག་རེད་ཅེས་གསུངས་བྱུང་། བོད་རིག་པ་བ་ཁིལོཌ་ཨར་པི་ལགས་ཀྱིས། བོད་ཀྱི་ཐ་སྙད་དུ་ Xizang ཟེར་བཅོས་པ་དང་། ཨ་རུ་ན་ཅལ་ནང་དུ་ས་ཆ་མང་པོར་རྒྱ་མིའི་མིང་བཏགས་པ་འདི་དག་མི་སེར་སྤེལ་བའི་ཐབས་བྱུས་ཤིག་ཡིན་པ་དང་། འདི་དག་ལ་ཚུལ་བཞིན་གདོང་ལེན་མ་བྱེད་ན་རྒྱ་ནག་གིས་མུ་མཐུད་རྒྱ་ནག་གཞུང་གི་འདོད་ཚུལ་དང་མཐུན་པའི་མིང་ཚིག་འགེལ་ཡོང་གི་རེད་ཅེས་གསུངས་བྱུང་། ཁ་སྣོན་གསར་འགོད། ནོར་སྡེ་སྒྲོལ་མ། བསྟན་འཛིན་བདེ་སྐྱིད། བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

Download options
3 Sep 2026, 14:24 GMT ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

བོད་ནང་ས་ཡོམ་འགུལ་ཚད་རིམ་ ༥ ཅན་ཞིག་བརྒྱབ་འདུག གློ་བུར་དུ་ཐོན་པའི་གནས་ཚུལ་གསར་པ། གཟའ་ཕུར་བུ་ཕྱི་ཟླ་ ༩ ཚེས་ ༣ ཉིན་བོད་ནང་ས་ཡོམ་ཚད་རིམ་ ༥ ཅན་ཞིག་བྱུང་ཡོད་པ་འཇར་མཎ་ས་ཁམས་ཚན་རིག་ཉམས་ཞིབ་སྡེ་ཚན་ལུང་འདྲེན་བྱས་ཏེ་རོའི་ཊརསི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་འདུག་ལ། ཨ་རིའི་ས་གཞི་དཔྱད་རིག་སྡེ་ཚན་གྱིས་ར་སྤྲོད་གནང་འདུག ས་ཡོམ་དེ་ས་འོག་གི་གཏིང་ཚད་སྤྱི་ལེ་ ༡༠ ཙམ་གྱི་སར་བྱུང་ཡོད་པ་རེད། ༢༠༢༥ ཟླ་ ༡ པོའི་ནང་བོད་གཞིས་ཀ་རྩེ་དིང་རིར་ས་ཡོམ་བྱུང་རྗེས་གནམ་ཐོག་ནས་པར་ལེན་བྱས་པའི་པར་རིས། (Stringer/VIA REUTERS) རྒྱ་གར་རྒྱལ་ཡོངས་ས་ཡོམ་དཔྱད་ཞིབ་སྡེ་ཚན་གྱིས་བརྗོད་པ་ལྟར་ན། ས་ཡོམ་འདི་བཞིན་རྒྱ་གར་གྱི་ཨུ་ཏྲ་ཁནཌི་ (Uttrakhand) གྱི་འཇོ་ཤི་མཐི་ (Joshimath) ནས་རྒྱང་ཐག་ཀི་ལོ་མི་ཊར་ ༡༢༨ བྱང་ཤར་ས་ཁུལ་བོད་ནང་དུ་བྱུང་ཡོད་པ་བརྗོད་ཡོད་ཅིང་། (USGS) ཨ་རིའི་ས་ཁམས་དཔྱད་ཞིབ་རིག་པའི་དྲ་རྒྱའི་ཐོག་ལའང་ས་ཡོམ་བྱུང་ཡུལ་འདི་གསལ་སྟོན་བྱས་འདུག ད་ལྟའི་ཆར་མི་རྒྱུ་གཉིས་ལ་གནོད་འཚེ་བྱུང་མིན་གསལ་ཁ་མི་འདུག སྤྱིར་ས་ཡོམ་འགུལ་ཚད་རིམ་ ༥ ནི་ཚད་གཞི་འབྲིང་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཉེ་ཁུལ་དུ་དུད་ཁྱིམ་ཁང་པ་རྣམས་རྨང་གཞི་བརྟན་པོ་ཡོད་ན་གནོད་འཚེ་ཆེན་པོ་འབྱུང་ཉེན་དུ་རྩིས་ཀྱི་མེད་ནའང་། ས་གཞི་འདི་ཧི་མ་ལ་ཡའི་གཉན་འཕྲང་ཆེ་བའི་ས་ཚིགས་འཁེལ་གྱི་ཡོད་སྟབས་ཁང་བཟོ་བརྟན་པོ་མེད་པ་དག་ལ་གནོད་འཚེ་འབྱུང་སྲིད་པའི་ཉེན་ཁ་དང་སྔོན་དཔག་བྱེད་ཀྱི་ཡོད་པ་རེད། རེས་གཟའ་ཕུར་བུ་ཉིན་བོད་ནང་བྱུང་པའི་ས་ཡོམ་འདི་ནི་ བལ་བོད་ས་མཚམས་སུ་“འཁྱགས་རོམ་ཉིལ་ཏེ་“འདམ་རྡོ་ཆུ་རུད་ བྱུང་སྟེ་མི་བརྒྱ་ཕྲག་མང་པོ་རྐྱེན་འདས་དང་སྟོང་ཚོ་མང་པོ་གར་སོང་མེད་པར་གྱུར་ཏེ་ཉིན་གྲངས་ ༨ ཀྱི་རྗེས་སུ་བྱུང་པའི་རང་འབྱུང་གི་འཇིགས་པ་ཞིག་ཡིན་སྟབས། དོ་སྣང་ཆེན་པོ་བྱེད་གཞིར་གྱུར་ཡོད་པ་རེད། ས་ཡོམ་གྱི་གནས་ཚུལ་འདིའི་སྐོར་ཞིབ་ཕྲ་མུ་མཐུད་རྩད་གཅོད་ཞུས་ཏེ་གནས་ཚུལ་ཁ་སྣོན་ཞུ་མུས་ཡིན།།

Download options
3 Sep 2026, 01:09 GMT བདེ་སྐྱིད་ཀུན་སྒྲོལ། , འཕྲིན་ལས་ཆོས་སྒྲོན། , པདྨ་དངོས་གྲུབ།

བཞུགས་སྒར་རྡ་རམ་ས་ལར་མང་གཙོའི་དུས་ཆེན་ཉིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་མང་དག་ཅིག་གིས་མཉམ་ཞུགས་གནང་འདུག

Download Video
RFA logo
Video
Credit: བདེ་སྐྱིད་ཀུན་སྒྲོལ། , འཕྲིན་ལས་ཆོས་སྒྲོན། , པདྨ་དངོས་གྲུབ།
3 Sep 2026, 01:09 GMT བདེ་སྐྱིད་ཀུན་སྒྲོལ། , འཕྲིན་ལས་ཆོས་སྒྲོན། , པདྨ་དངོས་གྲུབ།

རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་སྐབས་སྣེ་འཁྲིད་མཁན་ཁོངས་ཀྱི་རྒྱ་རིགས་མང་གཙོ་དོན་གཉེར་བས། བོད་མི་རྣམས་དང་མཉམ་ལས་ཀྱི་ནུས་པ་སྤུངས་ཏེ་རྒྱ་ནག་གཞུང་ལ་རྒོལ་ལན་ཁ་གཏད་གཅོག་དགོས་གལ་ཆེ་བ་གསུང་གི་འདུག ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་པེ་ཅིང་གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་དུ་སློབ་ཕྲུག་གྱིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་སྐབས་ཀྱི་འགོ་ཁྲིད་གཙོ་བོའི་གྲས་ཝང་ཌན་ (Wang Dan) ལགས་ཀྱིས་བོད་མི་རྣམས་དང་རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་ཀྱི་དམིགས་ཀྱི་དམིགས་ཡུལ་ནི་གཅིག་པ་ཡིན་པས། ཕན་ཚུན་མཉམ་ལས་ཀྱིས་ནུས་པ་སྤུངས་ཐུབ་ན་ལེགས་ཞེས་གསུང་གི་འདུག དེ་ཡང་ཁོང་གིས། “རྒྱ་ནག་གཞུང་ནི་ང་ཚོའི་དགྲ་བོ་ཡིན་པ་གཅིག་པ་ཡིན་པས། ང་ཚོས་ཕན་ཚུན་མཉམ་ལས་ཀྱིས་རང་དབང་ཆེད་དུ་རྒྱ་ནག་གཞུང་ལ་རྒོལ་ཐབས་བྱ་དགོས་ཤིང་། དེས་ང་ཚོ་ཕན་ཚུན་གཉིས་ཀར་ཁེ་ཕན་ཡོང་གི་རེད། ངས་གཞོན་དུས་ནས་རྒྱ་ནག་གི་མང་གཙོའི་ཆེད་དུ་ལས་ཀ་བྱེད་འགོ་བཙུགས་ཡིན་པས། ད་ཆ་ཕྱིར་མིག་ཅིག་བལྟས་ཚེ་ངའི་བསམ་པར་མི་ཚེ་དོན་སྙིང་ལྡན་པ་ཞིག་བྱུང་དྲན་གྱི་འདུག བོད་པའི་གཞོན་སྐྱེས་རྣམས་ལ་ཞུས་ཡ་ལ། དཔལ་འབྱོར་ལ་སོགས་པ་ཁོ་ནར་མ་དམིགས་པར། རང་དབང་གི་ཆེད་དུ་འཐབ་རྩོད་བྱ་དགོས་གལ་ཆེ་བ་ཡིན།” ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། རྩ་བའི་དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་སྐབས། རྒྱ་ནག་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྲིད་ཇུས་ཐོག་བགྲོ་གླེང་ཞིག་ཨ་རིའི་མངའ་སྡེ་ (Virginia) ནང་ཚོགས་པའི་སྐབས། རྒྱ་ནག་མང་གཙོ་དོན་གཉེར་བ་ལྦང་ཌན་ལགས་དང་ལྷན་བོད་མིའི་སྐུ་ཚབ་ཁག་ཅིག་ཀྱང་མཉམ་ཞུགས་གནང་འདུག གཞན་རྒྱ་རིགས་ཁག་གཅིག་གིས་དཔྱད་རྩོམ་ཕྱོགས་བསྡུས་ཀྱི་དཔེ་དེབ་རྒྱ་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཐོག་ཐེ་ཇུས་བྱེད་དབང་མེད་ཅེས་པ་རྒྱ་ཡིག་ཐོག་ཡོད་པ་ཞིག་འདོན་སྤེལ་དབུ་འབྱེད་གནང་སྟེ། དཔེ་དེབ་དེའི་རྩོམ་སྒྲིག་ཐོག་འགན་བཞེས་མཁན་གཙོ་གྲས་སུ་ཡོད་ཅིང་། ཁེ་ན་ཌར་གནས་བཞུགས་གསར་འགོད་པ་དང་སྤྱི་ཚོགས་དྲྭ་ལམ་ཡུ་ཊུབ་ཐོག་བརྙན་ཐུང་བཟོ་མཁན་ཊེ་རེན་སི་ཤེན་ (Terenceshen) ལགས་ཀྱིས། ཐེངས་འདིར་དཔེ་དེབ་དེ་བཞིན་འདོན་སྤེལ་བརྒྱུད། ང་ཚོས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་དང་མཉམ་ད་ལྟའི་ཆར་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་ཇུས་བྱེད་བཞིན་པར་ངོས་ལེན་མེད་པའི་རྣམ་པ་གསལ་སྟོན་བྱེད་ཆེད་དུ་ཡིན་ཞེས་གསུང་གི་འདུག དེ་ཡང་ཁོང་གིས། “རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཡོད་ལ། ད་ཆ་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ལའང་ཐེ་བྱུས་བྱེད་བཞིན་ཡོད་པས། ང་ཚོས་དེར་ངོ་རྒོལ་དང་ངོས་ལེན་མེད་པའི་རྣམ་པ་གསལ་སྟོན་བྱེད་ཆེད་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་རྫུན་མ་ཞིག་ཁྲིད་བསླེབས་ཀྱིས་རེད་ལ་ང་ཚོས་དེར་རྫུན་མ་རེད་ཅེས་བརྗོད་དགོས་པ་རེད། མ་ཟད་ང་ད་ལན་བཞུགས་སྒར་རྡ་སར་བསླེབས་པ་ཐེངས་དང་པོ་ཡིན་པས། དེའི་བརྒྱུད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆགས་སྟངས་དང་། ཁོར་ཡུག་སོགས་ཀྱི་སྐོར་ལ་གསར་པ་མང་པོ་ཤེས་སོང་བས། ཁེ་ན་ཌར་ཕྱིར་ལོག་རྗེས་ངའི་རོགས་པ་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་རྣམས་ལ་བོད་དོན་གོ་རྟོགས་སྤེལ་རྒྱུ་ཡིན།” ཞེས་གསུང་གི་འདུག རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཝང་ཌན་དང་། ཊེ་རེན་སི་ཤེན་ལགས། ༢༠༢༦།༠༩།༠༢ (RFA Tibetan) ཝང་ཌན་ (Wang Dan) ལགས་དང་རྒྱ་རིགས་ཁག་གཅིག་ཐེངས་འདིར་བཞུགས་སྒར་རྡ་སར་འཚོགས་པའི་མང་གཙོ་རྒྱ་ནག་དང་བོད་ཀྱི་མ་འོངས་གླེང་སྟེགས་ཞེས་པའི་ཚོགས་འདུའི་ཐོག་མཉམ་ཞུགས་དང་། བོད་ཀྱི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༦ འཁོར་བའི་གཞུང་འབྲེལ་མཛད་སྒོར་སྐུ་མགྲོན་དུ་བཅར་འདུག་ཅིང་། རིང་མིན་ཁོང་རྣམ་པས་བཞུགས་སྒར་རྡ་སར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་ཡིན་པ་རེད་འདུག ལྦང་ཌན་ལགས་ལ་མཚོན་ན་རིང་མིན་ཁོང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་རྒྱུ་ཡིན་པ་དེ་ནི་ལོ་ཉི་ཤུའི་རྗེས་སུ་ཐོག་མ་དེ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་། གཡོན་ནས་གཡས། བདེ་སྲུང་བཀའ་བློན་ཀུན་དགའ་བཀྲིས་ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག ༢༠༢༦།༩།༢ (RFA Tibetan) གཞན་ཐེངས་འདིར་མང་གཙོའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་གཉིས་ཀྱིས། བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། བོད་མི་ཚོས་བོད་དོན་འཐབ་རྩོད་རྒྱུན་གནས་ལ་དམིགས་ཤིང་། ལྷག་པར་རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་རྒོལ་ལེན་གྱིས། ཁྱིམ་ཚང་ནས་འགོ་བཙུགས་ཏེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆོས་བཅས་པ་སྲུང་སྐྱོབ་ལ་འབད་དགོས་པ་གསུངས་སོང་། མང་གཙོ་ཡུན་གནས་དང་སྲ་བརྟན་ཆེད་ཁྲིམས་སྒྲིག་རྟོགས་པ་བྱ་རྒྱུ་གལ་ཆེ་ཡིན་པ་མི་མང་ཞིག་གིས་གསུངས་ཡོད་པ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་བོད་མི་ནང་ཁུལ་མཐུན་ལམ་དང་རྡོག་རྩ་ཆིག་སྒྲིལ་དགོས་པ་གསུངས་སོང་། ཡང་སྟེང་རིན་པོ་ཆེ་མཆོག་གིས་བོད་མི་ནང་ཁུལ་མཐུན་ལམ་དང་རྡོག་རྩ་ཆིག་སྒྲིལ་དགོས་པ་གསུངས་སོང་། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་ས་གནས་གཞོན་ནུས་གོ་སྒྲིག་འོག་མ་འོངས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་གླེང་པ་ཞེས་པའི་བགྲོ་གླེང་གི་ལས་རིམ་ཞིག་ཚོགས་ཏེ། བོད་མིའི་མདུན་ལམ་དང་འཐབ་རྩོད་ཀྱི་ཐབས་བྱུས་སོགས་ཀྱི་ཐད་བགྲོ་གླེང་གནང་ཡོད་པ་རེད། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་དམངས་གཙོའི་དུས་ཆེན་ཉིན་བོད་མི་ཚོས་མ་འོངས་འཐབ་རྩོད་ཀྱི་ཁ་ཕྱོགས་ཐད་བགྲོ་གླེང་གནང་འདུག ཁ་སྣོན་གསར་འགོད། བསྟན་འཛིན་དོན་ཡོད། པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད། འཕྲིན་ལས་ཆོས་སྒྲོན། པདྨ་དངོས་གྲུབ།

Download options
2 Sep 2026, 19:39 GMT ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་ས་མཚམས་སུ་འཁྱགས་རུད་ལས་བྱུང་བའི་འདམ་རྡོ་ཆུ་རུད་ཀྱི་གོད་ཆག་གནོད་འཚེ་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་གནས་ཚུལ་ལ་མུ་མཐུད་སྟངས་འཛིན་དང་། མྱུར་སྐྱོབ་ལས་དོན་ལ་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་པའི་ཐོག་ཐ་སྙད་བེད་སྤྱོད་ལ་ཚོད་འཛིན་བྱེད་བཞིན་ཡོད་འདུག བོད་ཕྱོགས་ཀྱི་ས་གནས་གནས་ཚུལ། ད་རེས་གནོད་འཚེ་ཕོག་ཡུལ་གཙོ་བོ་འདི་སྐྱིད་གྲོང་འགག་སྒོ་ཡོད་ས་དེ་རང་ལ་ཡིན་རུང་། གཞུང་གིས་ཉེན་ཁ་ཡོད་པ་བརྗོད་ནས་རི་སྟེང་གི་མང་ཚོགས་དང་ཉེ་ཁོར་གྲོང་ཚོའི་མང་ཚོགས་ཚང་མ་ཁྲིད་དེ་མགྲོན་ཁང་ནང་བཞག་ཡོད་པ་དང་། སྤོམ་པ་གྲོང་ཚོའི་ཡུལ་མིས་འདམ་རྡོ་ཆུ་རུད་ཐོན་སྐབས་ཀྱི་གནས་ཚུལ་དངོས་སུ་མཐོང་ཡོད་པ་བདེ་འཇགས་ཆེད་མིང་བརའཇོད་འདོད་མེད་པའི་མི་སྣ་ཞིག་གི་བོད་ནས་བརྗོད་བྱུང་། ཡུལ་མི་ཞིག་གིས་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག་མང་ཚོགས་ཀྱིས་ཁང་ཁྱིམ་དང་ཕྱུགས་ཟོག་དང་བཅས་པ་བློས་བཏང་ནས་ད་ལྟ་མགྲོན་ཁང་ནང་བསྡད་རྒྱུ་ལས་གང་ཡང་བྱ་ཐབས་མེད་པ་བརྗོད་བྱུང་། ད་རེས་འཁྱགས་རུད་དང་རྡོ་རི་ཉིལ་སའི་རི་བོ་དེ་ས་གནས་མི་མང་གིས་གནས་རིར་བརྩི་སྲོལ་ཡོད་འདུག ཟླ་ ༩ ཚེས་ ༢ ཉིན་གྱི་རྒྱ་ནག་གི་འགག་སྒོ་གནས་ཡུལ། (cnsphoto/VIA REUTERS) འདས་གྲོངས་དང་གར་སོང་ཆ་མེད་ཀྱི་གནས་སྟངས། རྒྱ་ནག་གཞུང་གིས་ཟླ་ ༩ ཚེས་ ༢ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ཚེས་ ༢ བར་སྐྱིད་གྲོང་གི་གནོད་འཚེའི་ཁྲོད་མི་ ༢༡ འདས་གྲོངས་སུ་སོང་ཡོད་པ་དང་། མི་ ༥༤༡ གར་སོང་ཆ་མེད་དུ་གྱུར་ཡོད་པ། གནོད་འཚེ་ཕོག་ཁུལ་ནས་མི་སྒེར་གྱི་ཅ་དངོས་ ༨༤༧ རྙེད་ཡོད་སྐོར་བརྗོད་འདུག སྐྱིད་གྲོང་འགག་སྒོ་བར་གྱི་གཞུང་ལམ་ ༢༡༦ འདི་བསྐྱར་གསོ་ཐུབ་སྟེ། ས་རྐོ་འཕྲུལ་ཆས་དང་ཚེ་སྲོག་རྟོག་ཞིབ་ཡོ་ཆས། དྲ་ལམ་སོགས་གནོད་འཚེ་ཕོག་ཡུལ་ལྟེ་གནས་སུ་སླེབས་ཐུབ་ཡོད་པ་བརྗོད་འདུག ཡང་བལ་ཡུལ་དུ་མཚོན་ན། ད་བར་མི་ ༡༢༠༤ འདས་གྲོངས་སུ་སོང་ཡོད་པ་དང་། མི་ ༤༢༠༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་བརྗོད་འདུག་ལ། བལ་ཡུལ་དུ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་ཆེད་མངགས་སླེབས་ནས་སྐབས་ཐོག་གི་གནས་ཚུལ་སྤེལ་བཞིན་ཡོད་པ་དང་། བོད་ཕྱོགས་ནས་རྒྱ་ནག་གཞུང་གི་གཞུང་འབྲེལ་བརྒྱུད་ལམ་གྱི་གསར་འགོད་པ་མ་གཏོགས་གཏོང་གི་མེད་པ་རེད་འདུག བལ་ཡུལ་དུ་ཆུ་གློག་ཕུག་ལམ་ནང་གསོན་པོ་འཚོལ་ཐབས། བལ་ཡུལ་ཕྱོགས་སུ་གནོད་འཚེ་བྱུང་ནས་ཉིན་བདུན་སོང་བའི་རྗེས་སུའང་མྱུར་སྐྱོབ་ཀྱི་ལས་ཀ་བྱས་ཏེ་གསོན་པོ་རྙེད་པའི་རེ་བ་བྱེད་བཞིན་ཡོད་པ་དང་། རེ་བ་ཆེ་ཤོས་ནི་བལ་ཡུལ་ཕྱོགས་ཀྱི་ཆུ་གློག་ལས་གྲའི་ས་འོག་ཕུག་ལམ་ནང་ལས་མི་ ༩༠༠ ཙམ་ལུས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཕུག་ལམ་ཁ་ཤས་ཀྱི་ནང་དུ་རླུང་དང་ཆུ། ཟས་རིགས་ཡོད་སའི་ཁང་མིག་ཡོད་པས། ལས་མི་ཁག་ཅིག་ད་དུང་གསོན་པོར་གནས་ཡོད་སྲིད་པའི་རེ་བ་བྱས་ཏེ། རྒྱ་གར་དང་རྒྱ་ནག ཨ་རིའི་ཆེད་ལས་མྱུར་སྐྱོབ་རུ་ཁག་ཀྱང་ཕུག་ལམ་ནང་གི་མི་སྐྱོབ་པའི་ལས་ཀར་མཉམ་ཞུགས་བྱས་ཡོད་སྐོར་རོའི་ཊརསི་གསར་ཁང་གིས་གནས་ཚུལ་སྤེལ་འདུག གཞན་ཡང་ལྷོ་ཀོ་རི་ཡ་སོགས་རྒྱལ་སྤྱིའི་ཚོགས་པ་ཁག་གི་མྱུར་སྐྱོབ་རུ་ཁག་ཀྱང་བལ་ཡུལ་ནང་འབྱོར་བཞིན་ཡོད་འདུག ཉིན་གྲངས་ཁ་ཤས་གོང་ལ་ཕུག་ལམ་དེ་དག་གི་ནང་དུ་ལས་ཀ་བྱེད་མཁན་གྱི་གཉེན་སྤུན་ཡོད་པས་གསོན་པོར་གནས་ཡོད་པའི་རེ་བ་བྱེད་བཞིན་ཡོད་པ་བརྗོད་མཁན་བྱུང་ལ། འདམ་རྡོ་ཆུ་རུད་ཀྱི་ནང་དུ་ཚུད་པའི་མི་སྣ་མང་པོ་ཞིག་གསོན་པོར་བརྙེད་རྒྱུའི་རེ་བ་ཉུང་དུ་སོང་ཡོད་པས་དངངས་འཚབ་བྱེད་མཁན་ཁག་ཅིག་ཀྱང་འདུག ལྷོ་ཀོ་རི་ཡའི་མྱུར་སྐྱོབ་རོགས་རམ་ཚོགས་པ་ཞིག་འབྱོར་ཡོད་པ། (REUTERS) འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དཔྱད་གཏམ། ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ནས། བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་བྱུང་བའི་ཆུ་རུད་ཀྱི་གནོད་འཚེ་འདི་བྱུང་བའི་རྗེས་སུ་རྒྱ་ནག་དབང་འཛིན་པས་གནས་ཚུལ་ལ་དམ་དྲག་བྱས་པ་དང་། འདས་གྲོངས་དང་གཏོར་སྐྱོན་གྱི་ཚད་གཞིའི་སྐོར་གྱི་གནས་ཚུལ་ཁ་གསལ་གསལ་བསྒྲགས་བྱས་མེད་པ་བརྗོད་ཡོད་ལ། གནོད་འཚེ་བྱུང་མ་ཐག་གནས་ཚུལ་མང་ཆེ་བ་བལ་ཡུལ་ཕྱོགས་ནས་ཕྱིར་ཐོན་པ་ལས། བོད་ཕྱོགས་སུ་དབང་འཛིན་པས་གཏོར་སྐྱོན་གྱི་ཚད་གཞི་དང་འབྲེལ་བའི་གནས་ཚུལ་ལ་ཚོད་འཛིན་བྱས་ཤིང་། གཞུང་གི་གསར་འགྱུར་ནང་གཙོ་བོ་མྱུར་སྐྱོབ་ལས་ཀ་དང་གཞུང་གི་བཀོད་སྒྲིག་ལ་དམིགས་ཡོད་པ། ས་གནས་མི་མང་གིས་བླངས་པའི་པར་དང་བརྙན་ཁག་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ནས་མེད་པར་གྱུར་བ་དང་། པར་རིས་ངོས་འཛིན་གྱི་ལག་རྩལ་དང་། གནས་ཚུལ་མང་པོ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ནས་རང་དབང་གི་གནས་ཚུལ་ཁག་མཐོང་དཀའ་བ་བཟོ་ཐབས་བྱས་ཡོད་པ་བརྗོད་འདུག ཤི་ཙང་ཞེས་པའི་རྒྱ་སྐད་སྒྲ་བསྒྱུར་བཙན་གྱིས་སྤྱོད་པ། ད་རེས་བལ་བོད་གཉིས་ཀྱི་ས་མཚམས་སུ་གོད་ཆག་ཚབས་ཆེན་འདི་བྱུང་པའི་སྐབས་སུ་གསར་འགྱུར་བརྒྱུད་ལམ་དང་། གཞུང་སྒེར་མང་པོ་ཞིག་གིས་དབྱིན་སྐད་ཐོག་སྔར་ནས་འབོད་བཞིན་ཡོད་པའི་ Tibet ཞེས་པའི་ཐ་སྙད་འདི་བེད་སྤྱོད་བཏང་པར་རྒྱ་ནག་གཞུང་གིས་བཙན་ཤེད་ངང་ Xizang ཟེར་རྒྱ་སྐད་བེད་སྤྱོད་བྱ་དགོས་པ་བརྗོད་ཡོད་ལ། བོད་དང་བལ་ཡུལ་ཞེས་ཐད་ཀར་བེད་སྤྱོད་བྱས་པར་ཡང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ནས་སྤྱི་ཚོགས་དྲ་རྒྱའི་ཐོག་བཞག་པའི་གནས་ཚུལ་འགའ་ཤས་ཕྱིར་འཐེན་བྱ་དགོས་པའི་གནས་ཚུལ་ཡང་ཐོན་འདུག་ལ། སྐབས་འཕྲལ་བོད་ནང་ནས་དྲ་ཐོག་ཏུ་བཀོད་པའི་དངོས་ཡོད་གནས་ཚུལ་མང་དག་ཅིག་ནག་བསུབ་བཏང་ནས་ཡུད་ཙམ་གྱི་རྗེས་མངོན་རྒྱུ་མེད་པར་འགྱུར་བཞིན་འདུག ཨ་རིའི་གྲོས་ཚོགས་སུ་བལ་བོད་གོད་ཆག་གི་འདས་པོ་ཚོར་མྱ་ངན། ཟླ་༩ ཚེས་༢ ཉིན་ནིའུ་ཡོག་མངའ་སྡེའི་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གྷརེསི་མེང་(Grace Meng) གིས་ཨ་རིའི་གྲོས་ཚོགས་སུ་བལ་བོད་ས་མཚམས་སུ་བྱུང་བའི་འདམ་རྡོ་ཆུ་རུད་ཀྱི་གོད་ཆག་ཁྲོད་འདས་གྲོངས་སུ་སོང་བ་ཚོར་མྱ་ངན་གྱི་ངག་བཅད་གུས་འདུད་ཞུས་གནང་ཡོད་ཅིང་། ཁོང་གིས་དེ་རིང་ང་ཚོ་འདིར་བལ་ཡུལ་དང་བོད་དུ་བྱུང་བའི་ཆུ་རུད་གོད་ཆག་ཚབས་ཆེན་ཁྲོད་འདས་གྲོངས་སུ་སོང་བ་རྣམས་ལ་མྱ་ངན་གུས་འདུད་ཞུ་རྒྱུ་དང་། འདིའི་ཁྲོད་ནས་གནོད་འཚེ་ཚབས་ཆེན་བྱུང་བར་ཡིད་སྐྱོ་དགོས་པ་ཞིག་ཡོང་གི་འདུག ཡ་ང་བའི་གོད་ཆག་འདིས་མི་ ༡༠༠༠ ཙམ་གྱི་ཚེ་སྲོག་འཕྲོག་པ་དང་། གྲངས་ལས་འདས་པའི་མི་ཚོའི་ཁང་ཁྱིམ་དང་འཚོ་རྟེན་ལ་གནོད་འཚེ་བཏང་བ། དེ་བཞིན་མི་ཤི་ཁྱིམ་སྟོང་བྱུང་ནས་མྱ་ངན་གྱི་གནས་སུ་གྱར་ཡོད། འཚོལ་ཞིབ་དང་མྱུར་སྐྱོབ་ཀྱི་ལས་ཀ་མུ་མཐུད་བྱེད་བཞིན་པའི་སྐབས་དེར། གོད་ཆག་འདིའི་རྗེས་སུ་ད་དུང་གར་སོང་ཆ་མེད་ཀྱི་གནས་སུ་ཡོད་པའི་མི་༤༠༠༠ ལྷག་བདེ་འཇགས་ངང་རྙེད་ཐུབ་པར་ང་ཚོས་སྨོན་ལམ་རྒྱབ་བཞིན་ཡོད། དེའི་ཁོངས་སུ་ཚོད་དཔག་ལྟར་ན་ཨ་རིའི་མི་སེར་ ༩༠ ཙམ་ཚུད་ཡོད་ཅེས་གསུངས་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཟུར་དང་གྲོས་ཚོགས་འཐུས་མི་ལྕམ་ནེན་སི་པེ་ལོ་སི་མཆོག་དང་། གྲོས་ཚོགས་འཐུས་མི་འཇིམ་མེཀ་གྷོ་ཝརནི། ཀུ་ཤུ་ (Apple Inc.) བཟོ་གྲྭའི་སྤྱི་ཁྱབ་པ་ཊིམ་ཀུཀ་ (Tim Cook)། དེ་བཞིན་ཨ་རིའི་ནིའུ་ཡོཀ་གི་གྲོང་ཁྱེར་སྤྱི་ཁྱབ་པ་ཛོ་རན་མཱམ་དྷ་ནིས་བོད་ཡིག་ཐོག་ནས་བརྡ་འཕྲིན་སྤེལ་ཏེ་བལ་བོད་ས་མཚམས་སུ་གོད་ཆག་ཕོག་པ་ཚོར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཞུས་གནང་ཡོད་པ་རེད།། བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

Download options
1 Sep 2026, 21:32 GMT བདེ་སྐྱིད་ཀུན་སྒྲོལ།

བལ་བོད་ས་མཚམས་སུ་བྱུང་བའི་འདམ་རུད་ཆུ་ལོག་གི་གོད་ཆག་དེ་ནི་རྒྱ་ནག་གིས་བཟོས་པའི་གོད་ཆག་ཅིག་ཡིན་པ་ཁོར་ཡུག་ཉམས་ཞིབ་པས་བརྗོད་པ། ཟླ་ ༨ ཚེས་ ༢༦ ཉིན་བྱུང་བའི་བལ་བོད་ས་མཚམས་ཀྱི་འདམ་རུད་ཆུ་ལོག་རྐྱེན་པས་མི་བརྒྱ་ཕྲག་མང་པོ་རྐྱེན་འདས་དང་གར་སོང་ཆ་མེད། ཁང་ཁྱིམ་དང་འཛུགས་སྐྲུན་ཤུལ་མེད་དུ་བཏང་བ་སོགས་བྱུང་ཡོད་པས། འདམ་རུད་ཀྱི་གོད་ཆག་དེ་ནི་གངས་རིའི་འཁྱགས་རོམ་ཉིལ་བའི་རྐྱེན་བྱས་ཡོད་པ་ཁོར་ཡུག་ཉམས་ཞིབ་པ་སོགས་བརྗོད་ཀྱི་ཡོད་ཅིང་། འཁྱགས་རོམ་ཉིལ་བ་དེ་ནི། རྒྱ་ནག་གིས་བཟོས་པའི་གོད་ཆག་གཅིག་ཡིན་ཞིང་། གོད་ཆག་དེས་གཤམ་འོག་རྒྱལ་ཁབ་ཁག་ལ་ཉེན་བརྡ་ཞིག་བཏང་ཡོད་པ་བོད་པའི་ཁོར་ཡུག་ཉམས་ཞིབ་པ་ཁག་ཅིག་གིས་གསུང་གི་འདུག དེ་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་ཀྱིས། བོད་ཀྱི་ས་མཚམས་ཁུལ་དུ་ཆུ་རུད་བྱུང་བ་དེ་ནི་ཐེངས་དང་པོ་མ་ཡིན་པར་དེ་སྔ་ཡང་། ཆུ་རུད་དང་ས་ཡོམ་གྱི་དཀའ་ངལ་མང་དག་ཅིག་འཕྲད་མྱོང་ཡོད་པས། ཁོར་ཡུག་གི་གནོད་འཚེ་ཆེན་པོ་བྱུང་མྱོང་སའི་ས་ཆ་དེར་རྒྱ་ནག་གཞུང་གིས་ལྟ་རྟོག་དང་ཚན་རིག་གྱིས་ཞིབ་འཇུག་སྔོན་འགོག་སོགས་བྱེད་དགོས་ཀྱང་། རྒཡ་ནག་གཞུང་གིས་དེ་ལས་ལྡོག་སྟེ་སྣང་མེད་ཀྱིས་ས་ཆའི་འཁྱོག་ཚད་ལས་བརྒལ་བའི་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བ་དེས་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེ་རུ་བཏང་ཞིང་། མ་འོངས་འཁྱགས་རོམ་མང་པོ་ལྷག་ཡོད་པ་དེ་དག་ཀྱང་བཞུར་བའི་ཉེན་ཁ་ཆེན་པོ་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། བལ་བོད་ས་མཚམས་སུ་འཕྲད་པའི་ཆུ་རུད་ཀྱི་གོད་ཆག་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆའི་ཆགས་བབ་སོགས་ལ་ལྟོས་མེད་ཀྱིས། ཆུ་མཛོད་དང་མེ་འཁོར་ལྕགས་ལམ། ཕུག་ལམ་སོགས་འཛུགས་སྐྲུན་མང་དག་བྱས་པའི་རྐྱེན་གྱིས་ཁོར་ཡུག་གཏོར་སྐྱོན་དང་། དེས་གནམ་གཤིས་འགྱུར་ལྡོག་བཏང་བར་བརྟེན་ཡིན་པས། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་བལ་ཡུལ་ལ་འཕྲད་པའི་གོད་ཆག་དེ་ལས་བསླབ་བྱ་བླངས་ཏེ། ཡར་ཀླུང་གཙང་པོའི་ཐོག་རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱེད་བཞིན་པའི་འཛམ་གླིང་གི་ཆུ་མཛོད་ཆེ་ཤོས་ཀྱི་ལས་གཞི་བཀག་སྡོམ་ལ་འབད་དེ། མི་ས་ཡ་མང་པོའི་ཚེ་སྲོག་སྐྱོབ་ཐབས་གནང་དགོས་གལ་ཆེ་བ་ལས། གལ་ཏེ་དེ་ལྟར་བྱེད་མ་ཐུབ་ཚེ་མ་འོངས་བལ་ཡུལ་གྱི་གོད་ཆག་དང་ཡང་ན་དེ་ལས་ཆེས་ཚབས་ཆེ་འི་གོད་ཆག་བྱུང་ཉེན་ཆེ་ཞེས་གསུང་གི་འདུག ཁོར་ཡུག་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་དང་། རྒྱལ་སྤྱིའི་བོད་དོན་དྲ་བའི་ཁོར་ཡུག་ཉམས་ཞིབ་པ་བགྲེས་པ་འབུམ་རམས་པ་བློ་བཟང་གཡང་མཚོ་ལགས། ༢༠༢༦།༠༩།༠༡ (RFA Tibetan) བལ་ཡུལ་གྱི་ (Department of Hydrology and Meteorology’s Flood Forecasting Division) ཞེས་ཆུ་དང་གནམ་གཤིས་རིག་པའི་ལས་ཁུངས་ཀྱིས་ཟླ་ ༨ ཚེས་ ༢༧ ཉིན་དམིགས་བསལ་བརྡ་ཁྱབ་ཅིག་བཏང་སྟེ། བལ་བོད་ས་མཚམས་ཀྱི་ཆུ་ལོག་འབྱུང་ཁུངས་ས་ཚིགས་སུ་ཆུ་ལོག་གི་གོད་ཆགས་བྱུང་བའི་རྐྱེན་གྱིས་ཁུལ་དེའི་ Lhende གཙང་པོར་འཁྱགས་རོམ་དང་འདམ་རུད་སོགས་ཀྱིས་ཆུ་རྒྱུན་བཀག་པའི་གནས་སྟངས་འོག་མཚོའི་འགག་སྒོ་ཞིག་ཆགས་ཡོད་པ་དེས། ་སླར་ཡང་གཙང་པོའི་གཤམ་རྒྱུད་ཀྱི་ས་ཁུལ་ཁག་ཏུ་ཆུ་ལོག་ཚབས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་དང་འབྲེལ། ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། བོད་ཀྱི་ཁོར་ཡུག་ནང་འཁྱགས་རོམ་མང་པོ་ཞིག་ཡོད་པ་དེ་དག་བོད་ནང་གི་གནམ་གཤིས་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན། འཁྱགས་རོམ་དེ་དག་བཞུར་ཏེ་མཚོ་མང་པོ་ཆགས་ཀྱི་ཡོད་པས། མཚོ་དེ་དག་རྡོལ་ཏེ་མ་འོངས་གོད་ཆག་གཉིས་པ་འབྱུང་སྲིད་ལ། རྒྱ་ནག་གིས་བོད་ནང་གི་ཁོར་ཡུག་ལ་ཚད་ལྡན་ཞིབ་འཇུག་གནང་མཁན་གྱི་ཚན་རིག་པ་བསྐྱོད་བཅུག་གི་མེད་པ་དེས། མ་འོངས་དེས་མི་ས་ཡ་མང་པོའི་སྲོག་ལ་ཉེན་ཁ་ཆགས་ངེས་ཡིན་པ་གསུང་གི་འདུག བོད་ནང་དུ་གནས་ཚུལ་ལ་བཀག་འདོམས། བལ་བོད་ས་མཚམས་ཀྱི་ཆུ་རུད་དེ་བྱུང་བ་ནས་བཟུང་། བལ་ཡུལ་ནང་གི་གོད་ཆགས་རྗེས་ཀྱི་གནས་སྟངས་ནི་གཅིག་རྗེས་གཉིས་མཐུད་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐོན་བཞིན་ཡོད་ཀྱང་། བོད་ཀྱི་གནོད་ཐེབས་ས་ཁུལ་གྱི་བརྙན་དང་གནས་ཚུལ་ཤེས་རྟོགས་ཐུབ་པར་དཀའ་བར་གྱུར་ཡོད་པའི་ཐད། ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་གཞོན་པ་མ་ཡ་ཝང་ (Maya Wang) ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་དམིགས་བསལ་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་པ་དང་གནས་ཚུལ་བརྗེ་ལེན་བྱེད་པ་ཙམ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་འོག་བཙོན་བཅུག་བྱས་པ་སོགས་ཀྱི་གནད་དོན་ཐད་དེ་སྔ་ནས་གླེང་བཞིན་ཡོད་པ་ལྟར། ཐེངས་འདིར་རྒྱ་ནག་གཞུང་གིས་གསར་འགོད་པ་རྣམས་གནོད་ཐེབས་ས་ཁུལ་ཁག་ཏུ་བསྐྱོད་དེ་མི་རྣམས་དང་སྐད་ཆ་བཤད་པར་དམ་དྲག་དང་། སྐྱབས་ཟིན་པའི་མི་ཚོར་རྒྱ་ནག་གི་འདོད་མོས་ལྟར་དུ་སྐད་ཆ་བཤད་དུ་བཅུག་པ་སོགས་བྱེད་ཀྱི་ཡོད་པས། གནོད་འཚེ་ཕོག་མཁན་རྣམས་ཀྱི་སྐད་ཆ་དངོས་དང་། རྐྱེན་འདས་སུ་ཕྱིན་པ། གར་སོང་ཆ་མེད་དུ་ཕྱིན་པ། གནོད་ཐེབས་ས་ཁུལ་གྱི་གནས་བབ། སྐྱོབ་གསོའི་ལས་དོན་སོགས་ཀྱི་སྐོར་གནས་སྟངས་ཁ་གསལ་གང་ཡང་མེད་པ་སོགས་ཐེར་འདོན་གནང་ཞིང་། གནོད་འཚེ་ཕོག་མཁན་རྣམས་ལ་སྨྲ་བརྗོད་རང་དབང་དགོས་པ་གསུངས་འདུག འཁོར་སྐར་པར་རིས་ནང་གསལ་ལྟར་དབྱེ་ཞིབ་པ་ཚོས་འཁྱགས་རོམ་ཉིལ་ཏེ་ (Glacier Collapse) ཕྱི་ཟླ་ ༨ ཚེས་ ༢༦ ཉིན་འདམ་རྡོ་ཆུ་བྱུང་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། (USGS/Landsat 9/via REUTERS) དེ་བཞིན་ཕ་ཡུལ་སྐྱིད་གྲོང་ནས་ཡིན་པ་བཙན་བྱོལ་ནང་གནས་བཞུགས་རྒན་བྱམས་པ་དཔལ་ལྡན་ལགས་ཀྱིས་བལ་བོད་ས་མཚམས་སུ་འདམ་རུད་ཆུ་ལོག་གི་གོད་ཆག་བྱུང་བའི་རྗེས་ཁོང་གིས་ས་གནས་སུ་འབྲེལ་བ་མཐུད་ཐབས་ག་ཚོད་བྱས་ཀྱང་། འབྲེལ་བ་མཐུད་ཐུབ་ཀྱི་མེད་པ་གསུང་གི་འདུག་ལ། ས་གནས་སུ་ལམ་དང་ཟམ་པ་མང་པོ་ཆད་དེ་བོད་ཀྱི་ས་ཁུལ་གཞན་ནས་ཀྱང་མི་ཕར་འགྲོ་ཚུར་འོང་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཀྱི་ཡོད་སྲིད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུང་གི་འདུག ཟླ་ ༨ ཚེས་ ༣༡ ཉིན་རྒྱ་ནག་སྤྱི་བདེ་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ༢༠༢༦ གི་དྲ་རྒྱ་གཙང་སེལ་ཞེས་པའི་ལས་འགུལ་འོག སྐྱིད་གྲོང་ཁུལ་གྱི་གནོད་འཚེའི་ཁྲོད་འདས་གྲོངས་སུ་སོང་བའི་གྲངས་ཐོ་དང་གར་སོང་ཆ་མེད་དུ་སོང་བའི་གྲངས་ཐོ་རྫུན་གཏམ་བཤད་པར་ངོས་འཛིན་གྱིས་ཉེས་ཆད་བཏང་ཡོད་འདུག ཟླ་ ༨ ཚེས་ ༣༡ ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཀུའོ་ཅཱ་ཁུན་གྱིས་ཀྱང་། རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་ཆེད་ལས་མི་སྣ་དང་གཞུང་འབྲེལ་ལས་ཁུངས་ཀྱི་དཔྱད་ཞིབ་བྱས་པ་བརྒྱུད། གནོད་འཚེ་དེ་གོ་ལའི་དྲོད་ཚད་ཡུན་རིང་འཕེལ་བའི་ཤུགས་རྐྱེན་འོག་བལ་ཡུལ་ས་ཁོངས་ཀྱི་ས་མཐོའི་གངས་རིའི་འཁྱགས་རོམ་ཉིལ་བ་ལས་བྱུང་བ་བརྗོད་འདུག་ཀྱང་། རོའི་ཊརསི་གསར་ཁང་ལ་བལ་ཡུལ་གྱི་ལས་བྱེད་གཉིས་ཀྱིས། འདི་ལོའི་སྔོན་དུ་གནོད་འཚེའི་ཐད་མཉམ་ལས་སྐོར་གྲོས་མོལ་བྱས་རྗེས་པའི་རྗེས་སུ་ཡང་། རྒྱ་ནག་གིས་གངས་རིའི་ཉེན་ཁ་དང་ཆུ་ཚད་སྐོར་གྱི་གནས་ཚུལ་འདང་ངེས་མཉམ་སྤྱོད་བྱས་མེད་ཅིང་། དེས་མ་འོངས་པའི་གནོད་འཚེར་སྔོན་འགོག་བྱེད་པར་དཀའ་ངལ་བཟོ་སྲིད་པའི་སེམས་འཚབ་ཡོད་པ་བརྗོད་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་དེའི་ལན་དུ། རྒྱ་ནག་གིས་བལ་ཡུལ་ལ་གནམ་གཤིས་དང་ཆུའི་དཔྱད་ཞིབ་ཀྱི་གནས་ཚུལ་མུ་མཐུད་མཁོ་སྤྲོད་བྱས་ཡོད་པ་བརྗོད་སྐོར་རོའི་ཊརསི་གསར་ཁང་གིས་ལུང་འདྲེན་བྱས་འདུག

Download options
1 Sep 2026, 20:01 GMT ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བཀྲ་དབང་།

སྐྱིད་གྲོང་འགག་སྒོའི་ར་སུ་གྲོང་ཚོའི་ཁྱིམ་དུད་ ༡༥ དང་སྐྱིད་གྲོང་དུ་སྐྱོད་མཁན་བོད་པའི་སྣེ་ཤེན་པ་ ༡༠ གར་སོང་ཆ་མེད་དུ་སོང་ཡོད་ཅིང་། རྒྱ་རིགས་མཁས་པས་གནོད་འཚེ་འདིའི་བྱུང་རྐྱེན་ནི་གནམ་གཤིས་ཚ་དྲོད་འཕེལ་ནས་འཁྱགས་རོམ་ཞུར་བ་ལས་བྱུང་བ་བརྗོད་ཡོད། སྐྱིད་གྲོང་ར་སུ་གྲོང་ཚོའི་ཁྱིམ་དུད་དང་བོད་མི་སྣེ་ཤེན་པ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་སྐྱིད་གྲོང་གི་བོད་མི་ཞིག་གིས་བརྗོད་པར། སྐྱིད་གྲོང་གི་གནོད་འཚེ་ཕོག་ཡུལ་གྱི་ར་སུ་གྲོང་ཚོ་ནས་མི་གཉིས་རི་སྟེང་དུ་བྲོས་ཐུབ་པའི་གནས་ཚུལ་ཐོས་ཡོད་པ་བརྗོད་བྱུང་། ཡང་ཁོང་གིས་སྐྱིད་གྲོང་རྫོང་རང་དུ་གནོད་འཚེ་བྱུང་མེད་པ་དང་ཆུ་འདི་ཀི་ལོ་མི་ཊར་ (3 km) གསུམ་ཙམ་གྱེན་ལ་རྒྱུགས་ཡོད་པས། འགག་སྒོ་ཡོད་སའི་ར་སུ་གྲོང་ཚོའི་ཁྱིམ་དུད་ ༡༥ ཙམ་ཡོད་པ་ཚང་མ་མེད་པ་ཆགས་འདུག དེར་ལས་ཀ་བྱེད་མཁན་ནང་དམག་མི་མང་པོ་ཡོད་རེད་ལ། ས་ཆ་འདི་འགག་སྒོ་ཡིན་དུས་བལ་ཡུལ་དུ་སྐྱོད་ས་དང་། ང་ཚོའི་འགག་སྒོ་དང་ཉེན་རྟོག་པ་སོགས་མི་བརྒྱ་ཕྲག་ཡོད་ཀྱི་རེད། ང་ཚོ་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་ཅེས་བརྗོད་བྱུང་ལ། ང་ཚོ་ལས་བྱེད་ཀྱང་གནོད་འཚེ་ཕོག་ཡུལ་ས་ཆར་གཏོང་གི་མི་འདུག ལས་འགན་གཙོ་བོ་ནི་གནོད་འཚེ་ཕོག་པའི་ནང་མིར་སེམས་གསོ་བྱས་ནས་བསྡད་རྒྱུ་རེད། ད་ལྟ་མགྲོན་ཁང་ནང་ཉེ་འཁོར་གྱི་ཉེན་ཁ་ཡོད་པའི་ས་ཆ་ནས་སྤོས་ཡོང་བའི་མང་ཚོགས་བཞག་ཡོད་པ་དང་། གནོད་འཚེ་བྱུང་ཡུལ་དངོས་ལ་དམག་མི་དང་དྲག་ཆས་ཉེན་རྟོག་པ། ཉེན་རྟོག་པ་ལས་གཏོང་གི་མི་འདུག་ཅེས་བརྗོད་བྱུང་། ཡང་བོད་ནང་ནས་འབྱོར་བའི་གནས་ཚུལ་ལྟར་ན། བལ་བོད་ས་མཚམས་སུ་ཕྱི་རྒྱལ་ཡུལ་སྐོར་བ་དང་གནས་མཇལ་བ་རྩིས་ལེན་དང་སྣེ་ཤེན་བྱེད་མཁན་བོད་མི་ ༡༠ ད་དུང་གར་སོང་ཆ་མེད་དུ་གནས་ཡོད་པ་འབྲེལ་ཡོད་མི་སྣས་བརྗོད་བྱུང་བ་དང་། བོད་མི་འདི་རྣམས་ནི་རྒྱུན་དུ་བལ་བོད་ས་མཚམས་ནས་ཡུལ་སྐོར་བ་དང་གནས་མཇལ་བ་རྩིས་ལེན་བྱས་ཏེ། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་ལ་ཁྲིད་སྐབས་སྐད་བསྒྱུར་དང་སྣེ་ཤེན་བྱེད་ཀྱི་ཡོད་འདུག་ལ། གར་སོང་ཆ་མེད་དུ་སོང་བའི་མི་བཅུ་དེའི་ནང་ལྷ་ས་དང་སྟོད་ལུང་། དེ་བཞིན་ས་ཁུལ་གཞན་གྱི་བོད་མི་ཡོད་པ་བརྗོད་བྱུང་། ཟླ་ ༨ ཚེས་༢༨ ཉིན་བལ་བོད་ས་མཚམས་སུ་འཁོར་སྐར་ཐོག་ནས་ལེན་པའི་འདྲ་པར། (SPOT ©CNES 2026, Distribution A/via REUTERS) རྒྱ་རིགས་མཁས་དབང་གི་དབྱེ་ཞིབ། འཇར་མ་ཎིའི་ཌོར་ཊི་མུན་ཌི་ཚན་རྩལ་སློབ་ཆེན་ (Technische Universität Dortmund) གྱི་སློབ་དཔོན་ཝང་ཝིལ་སླའོ་ཡིས་ད་རེས་ཀྱི་འདམ་རྡོ་ཆུ་རུད་ཀྱི་བྱུང་རྐྱེན་ནི་གནམ་གཤིས་ཚ་དྲོད་འཕེལ་བའི་རྒྱུན་རིང་གི་གནས་སྟངས་འོག་འཁྱགས་རོམ་བརྟན་པོ་མེད་པ་ཆགས་པ་ནས་བྱུང་བ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག་ལ། དེ་མིན་ཁ་སྣོན་དགོས་པའི་རྒྱུ་རྐྱེན་གཞན་ཞིག་ནི། འཁྱགས་རོམ་བརྟན་པོ་མེད་པའི་ས་ཁུལ་དུ་ ༢༠༡༥ ལོར་བལ་ཡུལ་དུ་ས་ཡོམ་གྱི་གནོད་འཚེ་ཆེན་པོ་ཞིག་བྱུང་བའི་རྗེས་སུ་འཁྱགས་རོམ་ཐེངས་མང་པོ་ཉིལ་ཡོད། དེར་བརྟེན་འཁྱགས་རོམ་འོག་གི་བྲག་རྡོ་བརྟན་པོ་མེད་པ་ཆགས་ཡོད་ཅེས་གསུངས་བྱུང་། བོད་ནང་མང་ཚོགས་ཀྱི་མཆོད་འབུལ། སྐྱིད་གྲོང་དུ་གནོད་འཚེ་བྱུང་ནས་ཉིན་བདུན་ཕྱིན་པའི་མཚམས་འདིར་བོད་ནང་ནས་བརྗོད་པར། ལྷ་སའི་རུ་བཞི་དང་། སེ་ར། འབྲས་སྤུངས། དགའ་ལྡན་བཅས་སུ་གནོད་འཚེའི་ནང་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་མཆོད་འབུལ་དང་སྨོན་ལམ་ཞུ་མཁན་ཧ་ཅང་མང་པོ་ཡོད་པ་བརྗོད་བྱུང་། དེ་མིན་ཡང་སྤྱི་ཚོགས་དྲ་ལམ་ཐོག་བོད་མི་སྒེར་དང་དགོན་པ་ཁག་ཅིག་གིས་བསྔོ་སྨོན་དང་བརྒྱ་མཆོད་སྟོང་མཆོད་ཕུལ་བའི་བརྙན་ཡང་མཐོང་རྒྱུ་འདུག ༢༠༢༥ ལོའི་ཟླ་ ༡་ཚེས་ ༨ ཉིན་བལ་ཡུལ་གྱི་བོད་མི་བཙན་བྱོལ་པས་སྨོན་ལམ་འདེབས་བཞིན་ཡོད་པ། (Navesh Chitrakar/REUTERS) ཤི་རྨས་དང་གར་སོང་ཆ་མེད་ཀྱི་གནས་སྟངས། ཟླ་ ༩ ཚེས་ ༡ ཉིན་བལ་ཡུལ་གྱི་གནོད་འཚེ་དོ་དམ་ལས་ཁུངས་ཀྱི་གྲངས་ཐོ་ལྟར་ན། བལ་ཡུལ་དུ་མི་ ༩༨༧ འདས་གྲོངས་དང་། མི་ ༣༩༡༦ གར་སོང་ཆ་མེད་དུ་སོང་ཡོད་པའི་ཁོངས་ནས་ཕྱི་རྒྱལ་རྒྱལ་ཁབ་ ༣༠ ལྷག་གི་མི་སེར་ ༥༨༣ ཡོད་འདུག བོད་ཕྱོགས་སུ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་འགྱུར་བ་མེད་པར། སྐྱིད་གྲོང་དུ་མི་ ༡༦ འདས་གྲོངས་དང་། མི་ ༥༤༦ གར་སོང་ཆ་མེད་དུ་སོང་ཡོད་པའི་ཁོངས་ནས་ཕྱི་རྒྱལ་རྒྱལ་ཁབ་ ༢༣ གྱི་མི་སེར་ ༢༦༡ ཡོད་པར་བརྗོད་འདུག བོད་དང་བལ་ཡུལ་གཉིས་ཀྱི་གཞུང་འབྲེལ་གསལ་བསྒྲགས་ལ་གཞིགས་ན། ༡༠༠༣ ཙམ་འདས་གྲོངས་སོང་ཡོད་པ་དང་། མི་ ༤༤༦༢ གར་སོང་ཆ་མེད་དུ་སོང་ཡོད་འདུག ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་སྐྱིད་གྲོང་གྲོང་རྡལ་དུ་འདས་པོ་ཚོར་མྱ་ངན་ཞིག་ཚོགས་ཡོད་པ་དང་། མྱུར་སྐྱོབ་ལས་དོན་སྤེལ་མཁན་གྱི་འཕྲུལ་ཆས་ཁ་ཤས་ཤིག་ས་ཡུལ་དངོས་ལ་འབྱོར་ཡོད་པ་བརྗོད་འདུག

Download options