US Agency for Global Media USAGM

News and Information from Around the World

23 Items
13 Sep 2026, 15:15 GMT བདེ་སྐྱིད་ཀུན་སྒྲོལ།་

ཨ་རིར་གནས་སྡོད་རྒྱ་རིགས་གསར་འགོད་པ་ཞིག་གིས་དངོས་བདེན་གནས་ཚུལ་ལ་གཞིཊ་ཏེ་རྒྱ་རིགས་རྣམས་ཀྱི་བཙན་བྱོལ་བོད་མིར་ལྟ་ཕྱོགས་དངོས་ལ་ཞིབ་འཇུག་གིས་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་པའི་དྲིལ་བསྒྲགས་ལས་ལྡོག་སྟེ་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་གསུངས་བྱུང་། (Far from the rooftop of the world) ཞེས་འཛམ་གླིང་གི་ཡང་རྩེ་ནས་རྒྱང་ཐག་རིང་བ་ཞིག་ནས། ཞེས་ཨ་རིར་གནས་བཞུགས་རྒྱ་རིགས་གསར་འགོད་པ་ཨེ་མི་ཡི་ཡིས་གླིང་ཆེན་བཞིའི་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་གཏམ་རྒྱུད་ལ་རྗེས་སུ་འབྲངས་ཏེ། བོད་མི་རྣམས་བོད་བཞག་སྟེ་བཙན་བྱོལ་ལུང་པར་གྱར་དགོས་བྱུང་སྟེ་གཞིས་ཆགས་ཚུལ་དང་། བརྒྱུད་རིམ་དེའི་ཁྲོད་བོད་ཀྱི་ངོ་བོ་དང་སྐད་ཡིག་རིག་གཞུང་སོགས་རྒྱུན་འཛིན་བྱེད་ཕྱོགས་ཀྱི་རྣམ་པ་དང་འབྲེལ་བའི་སྐོར་དཔེ་དེབ་ཅིག་བརྩམས་ཡོད་པ་དེའི་ཐོག་བགྲོ་གླེང་གནང་ཡོད་པ་རེད་ལ། འདི་ནི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཐོབ་པའི་རྗེས་སུ་བོད་མིའི་གནས་སྟངས་ཐད་ཉམས་ཞིབ་བྱེད་རྒྱུའི་འདུན་པ་སྐྱེས་པ་ཞིག་རེད་འདུག དེ་ཡང་ཨེ་མི་ཡིས་ལགས་ཀྱིས། “དེ་སྔ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། ངས་གསར་འགྱུར་བཀོད་ཆེད་རྡ་སར་བཅར་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་གཙོ་སྐྱོང་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་ལ་བཅར་རྒྱུའི་གོ་སྐབས་བྱུང་། ༧གོང་ས་མཆོག་གིས་གསར་འགོད་གསལ་བསྒྲགས་གྲུབ་རྗེས་༧གང་ཉིད་ཀྱིས་ང་ལ་གཟིགས་ཏེ་རྒྱ་རིགས་ཤིག་ཡིན་པ་མཁྱེན་དུས་ངའི་མགྲམ་པར་བྱམས་པོ་གནང་ཞིང་། སྐབས་དེར་བཀའ་གནང་དོན་ལ་གནད་དོན་འདི་དག་ནི་བོད་དང་རྒྱ་ནག་དབར་གྱི་གནད་དོན་ཡིན་པས་ང་ཚོས་ཕན་ཚུན་སྐད་ཆ་གཤོད་དགོས། ཁྱེད་ཀྱིས་ལན་བྱོས་ཨ་ཞེས་བཀའ་གནང་བྱུང་བས། སྐབས་དེར་ང་ལ་ཚོར་བ་དམིགས་བསལ་ཅན་ཞིག་བྱུང་ལ། སྐབས་དེར་བཞུགས་སྒར་དུའང་བོད་མི་རྣམས་ཀྱིས་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་དང་མར་མེ་ཁྲོམ་སྐོར་སོགས་བྱེད་བཞིན་པ་མཐོང་དུས། དེ་ལྟ་བུ་ནི་བོད་ནང་རང་དབང་མེད་པས། བཙན་བྱོལ་ནང་དུ་བོད་མི་རྣམས་ཀྱིས་རང་དབང་སྤྱོད་བཞིན་པར་ཧ་ཅང་ཡ་མཚན་པོ་བྱུང་།” ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། གཞན་ཡང་ཁོང་གིས་སྤྱིར་བཙན་བྱོལ་བོད་མི་རྣམས་ཀྱི་སྤྱི་ཡོངས་ཀྱི་བཟང་སྤྱོད་ལྡན་པའི་གཤིས་ཀ་སོགས་ལ་ཡིད་སྨོན་ཆེན་པོ་སྐྱེ་ཡི་ཡོད་པ་གསུངས་བྱུང་། དེ་ཡང་ཁོང་གིས། “རྒྱ་རིགས་མང་པོ་ཞིག་གིས་དེ་སྔ་རྒྱ་ནག་ཏུ་བསྡད་སྐབས་བོད་དོན་སྐོར་རྒྱ་ནག་གཞུང་ངོས་ནས་བཤད་པ་ལས། གཞན་གསལ་པོ་ཤེས་ཀྱི་མེད་ཀྱང་། ད་ཆ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་རྒྱ་རིགས་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་དང་བཙན་བྱོལ་བོད་མི་རྣམས་དང་ཐུག་འཕྲད་སོགས་བརྒྱུད། རྒྱ་ནག་མི་སེར་དང་བོད་མི་གཉིས་ཀའི་མངོན་འདོད་གཅིག་པ་ཡིན་ཏེ། གཉིས་ཀས་རང་དབང་འདོད་ཀྱི་ཡོད་པ་ཤེས་རྟོགས་ཐུབ་ཡོད། ངས་དེབ་དེ་བྲིས་པའི་བརྒྱུད་རིམ་ཁྲོད་རྡ་ས་དང་ལྡི་ལི། ལྷོ་ཕྱོགས་སྦེ་ལ་ཀོ་པི་ཁུལ་གྱི་བོད་མི་མང་དག་ཅིག་དང་ཐུག་འཕྲད་བྱུང་སོང་། ཁོ་ཚོས་ང་རྒྱ་མི་ཞིག་ཡིན་པར་མི་དགའ་བ་བྱེད་རྒྱུ་ལས་ལྡོག་སྟེ། དེ་བས་དགའ་བ་བྱེད་ཀྱི་འདུག་ལ། ཐེངས་གཅིག་ངས་བོད་མི་ཞིག་ལ་སྐད་ཆ་ཡང་དྲིས་མྱོང་ཡོད་ལ་སྐབས་དེར་ཁོང་གིས། ང་ཚོ་རྒྱ་ནག་གཞུང་ལ་དགའ་པོ་མེད་པ་མ་གཏོགས་རྒྱ་ནག་མི་མང་ལ་མི་དགའ་བ་བྱེད་ཀྱི་མེད་ཅེས་གསུངས་དུས། ཚོར་བ་དམིགས་བསལ་ཅན་ཞིག་བྱུང་།” ཞེས་གསུང་གི་འདུག ཨེ་མི་ལགས་ཀྱིས་བརྩམས་པའི་དཔེ་དེབ་དེའི་ནང་། དགེ་འདུན་པ་སྟོབས་ལྡན་ལགས་དང་། མ་བྱན་དང་ཆབ་སྲིད་བཙོན་ཟུར་ནོར་བུ། ལྷ་ས་ནས་ཁོ་ཚོའི་འབྲིང་རིམ་འཚོ་བ་བཞག་སྟེ་བཙན་བྱོལ་དུ་ཡོང་དགོས་བྱུང་བའི་བཟའ་ཚང་བདེ་སྐྱིད་དང་དོན་གྲུབ་བཅས་ལ། རྒྱ་གར་གྱི་ས་གནས་ཁག་དང་། གླིང་ཆེན་བཞིའི་ནང་བསྐྱོད་པར་རྗེས་དེད་བྱས་ཏེ། ས་གནས་དེ་དག་གི་ནང་ཁོ་ཚོས་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་འཚོ་བ་དང་མི་ཚེ་གསར་པ་སྐྱེལ་པ་དང་། གཞན་ཡུལ་དུ་བོད་ཀྱི་ངོ་བོ་དང་རིག་གཞུང་རྒྱུན་འཛིན་ཇི་ལྟར་བྱེད་བཞིན་པའི་རྣམ་པ་ཞིག་བཀོད་འདུག་ལ། རྩོམ་པ་པོ་དང་གསར་འགོད་པ་ཨེ་མི་ཡི་ཡིས། དཔེ་དེབ་དེ་ནི་ད་ཆ་དབྱིན་ཡིག་ཏུ་ཡོད་ཀྱང་ཁོང་གིས་རིང་མིན་དཔེ་དེབ་དེ་རྒྱ་ཡིག་ཏུ་བསྒྱུར་ཏེ། དམིགས་བསལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་རྒྱ་རིགས་མང་པོར་སྙོབ་ཐུབ་པའི་རེ་བ་གནང་གི་འདུག གཞན་ཡང་དཔེ་དེབ་དེའི་སྔོན་གླེང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེབ་དེའི་བརྒྱུད་ཀློག་པ་པོ་ཚོས་བོད་མི་རྣམས་ཀྱི་ཞི་བདེ་དང་ཆེ་མཐོང་ལྡན་པའི་ཐོག་རང་དབང་གི་རེ་འདུན་སོགས་ཀྱི་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་པའི་ཕྱག་བྲིས་སྩལ་འདུག ཨ་རིར་གནས་སྡོད་རྒྱ་རིགས་ (Amy Yee) ལགས་ནི་ད་ལྟའི་ཆར་ Chicago Sun Times ནང་གསར་འགོད་ལས་རིགས་གཉེར་བཞིན་པ་དང་། ཁོང་གིས་དེ་སྔ་གསར་འགྱུར་ལས་ཁང་ཆེ་ཁག་ནང་ཕྱག་ལས་དང་རྩོམ་རིག་འདོན་སྤེལ་སོགས་ཀྱང་གནང་མྱོང་ཡོད་འདུག པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download options
12 Sep 2026, 20:52 GMT བདེ་སྐྱིད་ཀུན་སྒྲོལ། , བསྟན་འཛིན་དོན་ཡོད།

ལས་འགུལ་བ་རྣམས་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་ཏེ། Mandawali ཉེན་རྟོག་ལས་ཁུངས་སུ་ཁྲིད་འདུག

Download Video
RFA logo
Video
Credit: བདེ་སྐྱིད་ཀུན་སྒྲོལ། , བསྟན་འཛིན་དོན་ཡོད།
12 Sep 2026, 20:52 GMT བདེ་སྐྱིད་ཀུན་སྒྲོལ། , བསྟན་འཛིན་དོན་ཡོད།

བོད་མི་ ༥༠ ཙམ་གྱིས་སྦརིཀསི་ཚོགས་འདུ་ཚོགས་ཡུལ་གྱི་ཉེ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ།རྒྱ་གར་གྱི་ཉེན་རྟོག་པས་ལས་འགུལ་བ་འཛིན་བཟུང་དོ་དམ་བྱས་ཏེ་མན་ཌ་ཝ་ལི་ (Mandawali) ཉེན་རྟོག་ལས་ཁུངས་སུ་ཁྲིད་འདུག བོད་མི་ལས་འགུལ་བ་ ༥༠ ཙམ་གྱིས་ལྡི་ལིའི་སྦརིཀསི་ཚོགས་འདུ་ཚོགས་ཡུལ་ Bharat Mandapam གྱི་ཉེ་འགྲམ་དུ་རྒྱ་ནག་གཞུང་ལ་གློ་བུར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཞིང་། ལས་འགུལ་བ་རྣམས་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་ཏེ། Mandawali ཉེན་རྟོག་ལས་ཁུངས་སུ་ཁྲིད་འདུག སྦརིཀསི་ཚོགས་འདུ་ཚོགས་ཡུལ་ཉེ་འགྲམ་དུ་གློ་བུར་དུ་ལས་འགུལ་སྤེལ་མཁན་བོད་མི་ ༥༠ འཇུ་བཟུང་གིས་མན་ཌ་ཝ་ལི་ཉེན་རྟོག་ཁང་དུ་ཁྲིད་འདུག ༢༠༢༦།༠༩།༡༢ (RFA Tibetan) དེ་ཡང་ཐེངས་འདིའི་བོད་མི་ལས་འགུལ་བ་རྣམས་འདི་ཚེས་ ༡༡ ཉིན་ལྡི་ལིར་སྤེལ་བའི་ནང་མཉམ་ཞུགས་གནང་མཁན་མ་ཡིན་པར་ལྡི་ལི་ཡི་ཕྱི་ཕྱོགས་རྒྱ་གར་གྱི་ས་གནས་གཞན་ཁག་ཅིག་ནས་ཆེད་དུ་སླེབས་པའི་བོད་མི་ལས་འགུལ་བ་ཤ་སྟག་རེད་འདུག ཞི་ཅིན་ཕིང་མཉམ་ཞུགས་བྱས་པའི་སྦརིཀསི་ཚོགས་འདུ་ཚོཊ་ཡུལ་གྱི་ཉེ་འགྲམ་དུ་ངོ་རྒོལ་བྱས་རྐྱེན་བོད་མི་དེ་དག་མན་ཌུ་ཝ་ལི་ཉེན་རྟོག་ཁང་དུ་བཀག་ཉར་བྱས་པ། ༢༠༢༦།༠༩།༡༢ (RFA Tibetan) རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་འདི་ཚེས་ ༡༢ ཉིན་རྒྱབ་ཆུ་ཚོད་ ༡༢:༢༥ ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཞིང་། འདི་ནི་ལོ་བདུན་གྱི་རྗེས་སུ་རྒྱ་གར་དུ་ཕྱོགས་བསྐྱོད་ཐོག་མ་དེ་ཆགས་ཀྱི་འདུག་ལ། རྒྱ་དཀར་ནག་གཉིས་ཀྱི་དབར་ ༢༠༢༠ ལོར་མཐའ་མཚམས་སུ་གདོང་ཐུག་བྱུང་རྗེས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བའི་རྗེས་ཉེ་བའི་ལོ་འདིའི་ནང་ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་པའི་དུས་སྐབས་ཤིག་ཡིན་ལ། རྒྱ་གར་གཞུང་ངོས་ནས་སྤྱི་ཡོངས་ཀྱི་བདེ་འཇགས་སོགས་ཀྱི་ཆེད་རྒྱལ་ས་ལྡི་ལིའི་ཁུལ་དུ་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་འདུག་ལ། ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་སྐབས་སུའང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ངོས་ནས་དམིགས་སུ་ས་གནས་དེར་བསྐྱོད་དེ། ལས་འགུལ་བར་སྐད་ཆ་བཤད་ཐབས་བྱས་ཀྱང་ཉེན་རྟོག་པས་གཅིག་རྗེས་གཉིས་མཐུད་ཀྱིས་ལས་འགུལ་བ་ཡོངས་རྫོགས་ཉེན་རྟོག་པའི་མོ་ཊའི་ནང་བཅུག་སྟེ་བཙོན་ཁང་དུ་ཁྲིད་ཕྱིན་སོང་། རྒྱ་གར་གྱི་ཉེན་རྟོག་པས་ལས་འགུལ་བ་འཛིན་བཟུང་དོ་དམ་བྱས་ཏེ། Mandawali ཉེན་རྟོག་ལས་ཁུངས་སུ་ཁྲིད་འདུག སྦརིཀསི་ཚོགས་འདུའི་ཉིན་དང་པོ་དང་མཉམ་རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་དབར་ཟུར་དུ་ཚོགས་འདུ་ཤིག་འཚོགས་ཏེ། ཕྱོགས་གཉིས་ཀས་ཕན་ཚུན་གྱི་འབྲེལ་བ་སྲ་བརྟན་དང་འཐབ་བྱུས་ལྡན་པའི་ཐོག་ནས་མ་འོངས་པའི་རྒྱལ་ཁབ་ཡར་རྒྱས་གཏོང་ཕྱོགས་སྐོར་བསམ་བློ་གཏོང་དགོས་པའི་གྲོས་མོལ་བྱུང་ཡོད་པ་རེད། སྦརིཀསི་ཚོགས་འདུ་ཚོགས་ཡུལ་གྱི་ཉེ་འགྲམ་དུ་བོད་པའི་གཞོན་སྐྱེས་འགས་ངོ་རྒོལ་གནང་པར་ཉེན་རྟོག་པས་དོ་དམ་བྱས་འདུག གཞན་འདི་ཚེས་ ༡༡ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་གིས་སྦརིཀསི་ཚོགས་འདུ་ཚོགས་སའི་ཉེ་འགྲམ་དུ་ལྕགས་ཧྲེང་སྟེང་འཛེཊ་ཏེ་ཞི་ཅིན་ཕིང་མི་རིགས་རྩ་མེད་བཟོ་མཁན་ཞེས་པའི་འཕྲེད་དར་དང་བོད་ཀྱི་རྒྱལ་དར་སོགས་ཕྱར་བའི་ལས་འགུལ་སྤེལ་བར་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་ཡོད་པ་རྣམས་ནི། མུ་མཐུད་རྒྱ་གར་རྒྱལ་ས་ལྡི་ལིའི་ཏི་ཧར་ (Tihar Jail) བཙོན་ཁང་དུ་བཀག་ཉར་འོག་ཡོད་པ་དང་། ཚོགས་པའི་འབྲེལ་ཡོད་ཀྱིས་འདི་ཚེས་ ༡༤ བར་ལས་འགུལ་བ་དེ་དག་བཀག་ཉར་བྱ་རྒྱུ་ཡིན་པ་གསུངས་འདུག ལས་འགུལ་བ་གློད་བཀྲོལ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དེ་དག་ཕྱི་ཚེས་ ༡༣ ཉིན་གློད་བཀྲོལ་བཏང་སྟེ་ཕྱི་དྲོ་རྒྱ་གར་རྒྱལ་ས་ལྡི་ལིར་བོད་མི་ཚོས་དགའ་བསུའི་ཁྲོད་བསམ་ཡས་གླིང་གཞིས་སྒར་དུ་ཕྱིར་ལོག་གནང་ཡོད་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་གཞོན་ལྷན་གྱི་ཚོགས་མི་ལས་འགུལ་བ་ཡོངས་རྫོགས་གློད་བཀྲོལ་བཏང་འདུག སྦརིཀསི་ཚོགས་འདུ་དང་རྒྱ་དཀར་ནག་གི་འབྲེལ་བ། སྦརིཀསི་ཚོགས་འདུ་དེ་ནི་རྒྱ་གར་ལ་མཚོན་ན་རྒྱ་ནག་དང་ལྷན་ས་མཚམས་སོགས་གནད་དོན་གལ་ཆེན་ཁག་གི་སྐོར་གླེང་སློང་བྱ་རྒྱུའི་དུས་ལ་བབ་ཡོད་པ། གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག རྒྱ་གར་གྱི་རྒྱ་ནག་གི་འཐབ་བྱུས་ཐོག་གནད་དོན་དབྱེ་ཞིབ་པ་ཚོས་གཙོ་བོར་ཁོར་ཡུག་དང་ས་མཚམས་ཀྱི་གནད་དོན་ཐོག་ལ་སེམས་ཚབས་གསལ་སྟོན་དང་། དེ་དག་གི་སྐོར་གླེང་སློང་ཐུབ་པའི་རེ་བ་གནང་གི་འདུག དེ་ཡང་རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་སྭ་ཏི་ཅའོ་ལ་(Swati Chawla) ལགས་ཀྱིས། ཐེངས་འདིའི་ཚོགས་འདུའི་ནང་ཁོར་ཡུག་བདེ་འཇགས་ཀྱི་གནད་དོན་དང་། ལྷག་པར་ཧི་མ་ལ་ཡའི་ཁུལ་གྱི་གནད་དོན་སྐོར་གྲོས་བསྡུར་དགོས་གལ་ཆེ་བས་དེའི་སྐོར་བཀའ་མོལ་ཞིག་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། ཉེ་ཆར་བལ་བོད་ས་མཚམས་སུ་བྱུང་བའི་འདམ་རུད་ཆུ་ལོག་གི་གོད་ཆག་འཕྲད་པ་དེས། རྒྱ་གར་ལ་ཡང་རྒྱ་ནག་དང་ལྷན་གོད་ཆག་དེ་རིགས་ལ་གདོང་ལེན་གྱི་མཉམ་ལས་ཆེ་རུ་གཏོང་དགོས་པའི་བརྡ་ལན་སྤྲོད་ཀྱི་ཡོད་པས། ས་མཚམས་ཁུལ་དུ་དུས་ཐོག་ཉེན་ཁ་ཡོད་རིགས་སྔོན་བརྡའི་མ་ལག་སྲ་བརྟན་བཟོ་བ་དང་། ཆུ་བོ་ཁག་དང་འབྲེལ་བའི་གནས་ཚུལ་མཉམ་སྤྱོད་བྱེད་པའི་ལམ་སྲོལ་གོང་འཕེལ་གཏོང་རྒྱུའི་ཐད་གླེང་དགོས་གལ་ཆེ་བ་མཐོང་གི་འདུག་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། “ས་མཚམས་དང་ཆུ་བོའི་དཀའ་ངལ་སྐོར་གླེང་རྒྱུའི་དུས་ལ་རན་པ།” ཡང་རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཤྲི་པརྣ་པ་ཋག་ (Sriparna Pathak) ལགས་ཀྱིས། སྦརིཀསི་ཚོགས་འདུ་དེ་ནི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་མི་མཐུན་པའི་ཆ་རྣམས་སྲུང་སྐྱོབ་དང་གབ་ས་ཞིག་མིན་པར། ཐེངས་འདིར་རྒྱ་གར་གྱིས་ཚོགས་འདུ་དེ་བཞིན་གཙོ་སྐྱོང་བྱས་པ་དེས་རྒྱ་གར་ངོས་ནས་སེམས་ཚབས་ཡོད་སའི་གནས་སྟངས་སོགས་ཀྱི་སྐོར་སྐད་ཆ་བཤད་རྒྱུར་འཛེམས་དགོས་དོན་མེད་ལ། ས་མཚམས་དང་ཆུ་བོའི་གནད་དོན་རྣམས་ཀྱི་སྐོར་ཐད་ཀར་ཐེར་འདོན་གྱིས་སྐད་ཆ་བཤད་དགོས་གལ་ཆེ་བ་ཡིན། དེ་དག་གི་སྐོར་བཀའ་མོལ་གནང་རྒྱུ་ད་ལྟའི་ཆར་དུས་ཚོད་རན་པོ་ཞིག་རེད། རྒྱ་དཀར་ནག་དབར་གྷལ་ལྦན་གྱི་དོན་རྐྱེན་བྱུང་རྗེས་སུ་ལོ་ངོ་མང་པོའི་རིང་ཆུ་བོ་དང་འབྲེལ་བའི་གནས་ཚུལ་མཉམ་སྤྱོད་མི་ཐུབ་པ་བྱུང་པའི་རྗེས་སུ། རྒྱ་གར་དུ་རྒྱུག་བཞིན་པའི་ཆུ་རྒྱུན་དེ་དག་ཐོག་རྒྱ་ནག་གཞུང་གིས་ཆུ་མཛོད་རྒྱག་བཞིན་པའི་སྐོར་ཁུ་སིམ་མི་བསྡད་མི་རུང་། རྒྱ་གར་གྱིས་ཕན་ཆེར་ཚོགས་འདུ་དེའི་སྐབས་འཛུགས་སྐྲུན་དེ་དག་གིས་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སྐོར་བཀའ་མོལ་གནང་སྲིད་ཀྱང་། ཐད་ཀར་མ་ཡིན་པར། སྒོ་བརྒྱབ་ཏུ་སྐད་ཆ་བཤད་སྲིད་པ་རེད། གལ་ཏེ་ཨ་རུ་ན་ཅཱལ་གྱི་བདག་དབང་སྐོར་གླེང་ཚེ་རྒྱ་གར་ངོས་ནས་འཛེམས་ཟོན་མེད་པར། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་བརྗོད་ངེས་རེད་ཅེས་གསུང་གི་འདུག ཐེངས་འདིའི་ཚོགས་འདུའི་ཐོག་བོད་དོན་དང་འབྲེལ་བའི་གནད་དོན་སྐོར་དམིགས་བསལ་ཐད་ཀར་གླེང་ཐུབ་ཐབས་དཀའ་བ་ཉམས་ཞིབ་པ་ཁག་ཅིག་གིས་འགྲེལ་བརྗོད་གནང་གི་འདུག དེ་ཡང་རྒྱ་ནག་གི་འཐབ་བྱུས་ཐོག་གི་ཉམས་ཞིབ་པ་འབུམ་རམས་པ་ཨ་པ་ལྷ་མོ་ལགས་ཀྱིས། ཐེངས་འདིའི་ཚོགས་འདུའི་ཁྲོད་བོད་དོན་དང་འབྲེལ་བའི་སྐོར་ཐད་ཀར་གླེང་སློང་བྱེད་མ་སྲིད་ཀྱང་། རྒྱ་གར་གྱི་བདེ་འཇགས་དང་ས་མཚམས་བརྟན་ལྷིང་སོགས་ཀྱི་ཁེ་ཕན་ཆེད་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་དགོས་གལ་ཆེ་ཞིང་། གླེང་དགོས་པའི་དུས་ལ་བབ་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུང་གི་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། ཐེངས་འདིར་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གྲོས་མོལ་བྱེད་བཞིན་པ་དེས། གནས་སྐབས་ས་མཚམས་ཐོག་གི་དཀའ་རྙོག་ཞི་འགྲིག་ཐོག་ཤུགས་གནོན་སྤྲོད་སྲིད་ཀྱང་། ཁྱོན་ཡོངས་ཀྱི་དཀའ་རྙོག་སེལ་ཐུབ་ཐབས་མེད་ཅེས་དང་། གལ་ཏེ་རྒྱལ་ཁབ་ཕྱོགས་གཉིས་དབར་ས་མཚམས་ཀྱི་དཀའ་རྙོག་སེལ་དགོས་ཚེ། ངེས་པར་བོད་ཀྱི་གནད་དོན་གླེང་སློང་དགོས་ཤིང་བོད་ཀྱི་གནད་དོན་ལས་གཡོལ་ཐབས་བྲལ་བ་ཡིན་ལ། བོད་ཀྱི་དཀའ་རྙོག་སེལ་ན་མ་གཏོགས་ཐབས་ཤེས་གཞན་གང་ཡང་མེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད། ཁ་སྣོན། བོད་རང་བཙན་སློབ་ཕྲུག་ཚོགས་མི་གློད་བཀྲོལ་བཏང་པ། ༢༠༢༦།༠༩།༡༣ བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད། བརྙན་ཐུང་སྒྲིག་སྦྱོར་བ། བཀྲ་དབང་། འབྲེལ་ཡོད་གནས་ཚུལ། ཞི་ཅིན་ཕིང་ལོ་བདུན་གྱི་རྗེས་རྒྱ་གར་དུ་འབྱོར་གྱི་ཡོད་པར་བོད་མི་ཚོས་ངོ་རྒོལ་གནང་པ།

Download options
3 Sep 2026, 01:09 GMT བདེ་སྐྱིད་ཀུན་སྒྲོལ། , འཕྲིན་ལས་ཆོས་སྒྲོན། , པདྨ་དངོས་གྲུབ།

བཞུགས་སྒར་རྡ་རམ་ས་ལར་མང་གཙོའི་དུས་ཆེན་ཉིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་མང་དག་ཅིག་གིས་མཉམ་ཞུགས་གནང་འདུག

Download Video
RFA logo
Video
Credit: བདེ་སྐྱིད་ཀུན་སྒྲོལ། , འཕྲིན་ལས་ཆོས་སྒྲོན། , པདྨ་དངོས་གྲུབ།
3 Sep 2026, 01:09 GMT བདེ་སྐྱིད་ཀུན་སྒྲོལ། , འཕྲིན་ལས་ཆོས་སྒྲོན། , པདྨ་དངོས་གྲུབ།

རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་སྐབས་སྣེ་འཁྲིད་མཁན་ཁོངས་ཀྱི་རྒྱ་རིགས་མང་གཙོ་དོན་གཉེར་བས། བོད་མི་རྣམས་དང་མཉམ་ལས་ཀྱི་ནུས་པ་སྤུངས་ཏེ་རྒྱ་ནག་གཞུང་ལ་རྒོལ་ལན་ཁ་གཏད་གཅོག་དགོས་གལ་ཆེ་བ་གསུང་གི་འདུག ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་པེ་ཅིང་གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་དུ་སློབ་ཕྲུག་གྱིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་སྐབས་ཀྱི་འགོ་ཁྲིད་གཙོ་བོའི་གྲས་ཝང་ཌན་ (Wang Dan) ལགས་ཀྱིས་བོད་མི་རྣམས་དང་རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་ཀྱི་དམིགས་ཀྱི་དམིགས་ཡུལ་ནི་གཅིག་པ་ཡིན་པས། ཕན་ཚུན་མཉམ་ལས་ཀྱིས་ནུས་པ་སྤུངས་ཐུབ་ན་ལེགས་ཞེས་གསུང་གི་འདུག དེ་ཡང་ཁོང་གིས། “རྒྱ་ནག་གཞུང་ནི་ང་ཚོའི་དགྲ་བོ་ཡིན་པ་གཅིག་པ་ཡིན་པས། ང་ཚོས་ཕན་ཚུན་མཉམ་ལས་ཀྱིས་རང་དབང་ཆེད་དུ་རྒྱ་ནག་གཞུང་ལ་རྒོལ་ཐབས་བྱ་དགོས་ཤིང་། དེས་ང་ཚོ་ཕན་ཚུན་གཉིས་ཀར་ཁེ་ཕན་ཡོང་གི་རེད། ངས་གཞོན་དུས་ནས་རྒྱ་ནག་གི་མང་གཙོའི་ཆེད་དུ་ལས་ཀ་བྱེད་འགོ་བཙུགས་ཡིན་པས། ད་ཆ་ཕྱིར་མིག་ཅིག་བལྟས་ཚེ་ངའི་བསམ་པར་མི་ཚེ་དོན་སྙིང་ལྡན་པ་ཞིག་བྱུང་དྲན་གྱི་འདུག བོད་པའི་གཞོན་སྐྱེས་རྣམས་ལ་ཞུས་ཡ་ལ། དཔལ་འབྱོར་ལ་སོགས་པ་ཁོ་ནར་མ་དམིགས་པར། རང་དབང་གི་ཆེད་དུ་འཐབ་རྩོད་བྱ་དགོས་གལ་ཆེ་བ་ཡིན།” ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། རྩ་བའི་དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་སྐབས། རྒྱ་ནག་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྲིད་ཇུས་ཐོག་བགྲོ་གླེང་ཞིག་ཨ་རིའི་མངའ་སྡེ་ (Virginia) ནང་ཚོགས་པའི་སྐབས། རྒྱ་ནག་མང་གཙོ་དོན་གཉེར་བ་ལྦང་ཌན་ལགས་དང་ལྷན་བོད་མིའི་སྐུ་ཚབ་ཁག་ཅིག་ཀྱང་མཉམ་ཞུགས་གནང་འདུག གཞན་རྒྱ་རིགས་ཁག་གཅིག་གིས་དཔྱད་རྩོམ་ཕྱོགས་བསྡུས་ཀྱི་དཔེ་དེབ་རྒྱ་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཐོག་ཐེ་ཇུས་བྱེད་དབང་མེད་ཅེས་པ་རྒྱ་ཡིག་ཐོག་ཡོད་པ་ཞིག་འདོན་སྤེལ་དབུ་འབྱེད་གནང་སྟེ། དཔེ་དེབ་དེའི་རྩོམ་སྒྲིག་ཐོག་འགན་བཞེས་མཁན་གཙོ་གྲས་སུ་ཡོད་ཅིང་། ཁེ་ན་ཌར་གནས་བཞུགས་གསར་འགོད་པ་དང་སྤྱི་ཚོགས་དྲྭ་ལམ་ཡུ་ཊུབ་ཐོག་བརྙན་ཐུང་བཟོ་མཁན་ཊེ་རེན་སི་ཤེན་ (Terenceshen) ལགས་ཀྱིས། ཐེངས་འདིར་དཔེ་དེབ་དེ་བཞིན་འདོན་སྤེལ་བརྒྱུད། ང་ཚོས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་དང་མཉམ་ད་ལྟའི་ཆར་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་ཇུས་བྱེད་བཞིན་པར་ངོས་ལེན་མེད་པའི་རྣམ་པ་གསལ་སྟོན་བྱེད་ཆེད་དུ་ཡིན་ཞེས་གསུང་གི་འདུག དེ་ཡང་ཁོང་གིས། “རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཡོད་ལ། ད་ཆ་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ལའང་ཐེ་བྱུས་བྱེད་བཞིན་ཡོད་པས། ང་ཚོས་དེར་ངོ་རྒོལ་དང་ངོས་ལེན་མེད་པའི་རྣམ་པ་གསལ་སྟོན་བྱེད་ཆེད་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་རྫུན་མ་ཞིག་ཁྲིད་བསླེབས་ཀྱིས་རེད་ལ་ང་ཚོས་དེར་རྫུན་མ་རེད་ཅེས་བརྗོད་དགོས་པ་རེད། མ་ཟད་ང་ད་ལན་བཞུགས་སྒར་རྡ་སར་བསླེབས་པ་ཐེངས་དང་པོ་ཡིན་པས། དེའི་བརྒྱུད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆགས་སྟངས་དང་། ཁོར་ཡུག་སོགས་ཀྱི་སྐོར་ལ་གསར་པ་མང་པོ་ཤེས་སོང་བས། ཁེ་ན་ཌར་ཕྱིར་ལོག་རྗེས་ངའི་རོགས་པ་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་རྣམས་ལ་བོད་དོན་གོ་རྟོགས་སྤེལ་རྒྱུ་ཡིན།” ཞེས་གསུང་གི་འདུག རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཝང་ཌན་དང་། ཊེ་རེན་སི་ཤེན་ལགས། ༢༠༢༦།༠༩།༠༢ (RFA Tibetan) ཝང་ཌན་ (Wang Dan) ལགས་དང་རྒྱ་རིགས་ཁག་གཅིག་ཐེངས་འདིར་བཞུགས་སྒར་རྡ་སར་འཚོགས་པའི་མང་གཙོ་རྒྱ་ནག་དང་བོད་ཀྱི་མ་འོངས་གླེང་སྟེགས་ཞེས་པའི་ཚོགས་འདུའི་ཐོག་མཉམ་ཞུགས་དང་། བོད་ཀྱི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༦ འཁོར་བའི་གཞུང་འབྲེལ་མཛད་སྒོར་སྐུ་མགྲོན་དུ་བཅར་འདུག་ཅིང་། རིང་མིན་ཁོང་རྣམ་པས་བཞུགས་སྒར་རྡ་སར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་ཡིན་པ་རེད་འདུག ལྦང་ཌན་ལགས་ལ་མཚོན་ན་རིང་མིན་ཁོང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་རྒྱུ་ཡིན་པ་དེ་ནི་ལོ་ཉི་ཤུའི་རྗེས་སུ་ཐོག་མ་དེ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་། གཡོན་ནས་གཡས། བདེ་སྲུང་བཀའ་བློན་ཀུན་དགའ་བཀྲིས་ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག ༢༠༢༦།༩།༢ (RFA Tibetan) གཞན་ཐེངས་འདིར་མང་གཙོའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་གཉིས་ཀྱིས། བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། བོད་མི་ཚོས་བོད་དོན་འཐབ་རྩོད་རྒྱུན་གནས་ལ་དམིགས་ཤིང་། ལྷག་པར་རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་རྒོལ་ལེན་གྱིས། ཁྱིམ་ཚང་ནས་འགོ་བཙུགས་ཏེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆོས་བཅས་པ་སྲུང་སྐྱོབ་ལ་འབད་དགོས་པ་གསུངས་སོང་། མང་གཙོ་ཡུན་གནས་དང་སྲ་བརྟན་ཆེད་ཁྲིམས་སྒྲིག་རྟོགས་པ་བྱ་རྒྱུ་གལ་ཆེ་ཡིན་པ་མི་མང་ཞིག་གིས་གསུངས་ཡོད་པ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་བོད་མི་ནང་ཁུལ་མཐུན་ལམ་དང་རྡོག་རྩ་ཆིག་སྒྲིལ་དགོས་པ་གསུངས་སོང་། ཡང་སྟེང་རིན་པོ་ཆེ་མཆོག་གིས་བོད་མི་ནང་ཁུལ་མཐུན་ལམ་དང་རྡོག་རྩ་ཆིག་སྒྲིལ་དགོས་པ་གསུངས་སོང་། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་ས་གནས་གཞོན་ནུས་གོ་སྒྲིག་འོག་མ་འོངས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་གླེང་པ་ཞེས་པའི་བགྲོ་གླེང་གི་ལས་རིམ་ཞིག་ཚོགས་ཏེ། བོད་མིའི་མདུན་ལམ་དང་འཐབ་རྩོད་ཀྱི་ཐབས་བྱུས་སོགས་ཀྱི་ཐད་བགྲོ་གླེང་གནང་ཡོད་པ་རེད། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་དམངས་གཙོའི་དུས་ཆེན་ཉིན་བོད་མི་ཚོས་མ་འོངས་འཐབ་རྩོད་ཀྱི་ཁ་ཕྱོགས་ཐད་བགྲོ་གླེང་གནང་འདུག ཁ་སྣོན་གསར་འགོད། བསྟན་འཛིན་དོན་ཡོད། པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད། འཕྲིན་ལས་ཆོས་སྒྲོན། པདྨ་དངོས་གྲུབ།

Download options
1 Sep 2026, 01:49 GMT བསྟན་འཛིན་བདེ་སྐྱིད།

ནིའུ་ཡོཀ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱུན་མཐུད་ཟས་བཅད་ལས་འགུལ་སྤེལ་བཞིན་པའི་ཁྲོད་ལོ་ཚད་མི་འདྲ་བའི་བོད་མི་ཚོས་མཉམ་ཞུགས་གནང་བཞིན་ཡོད་པ་དང་། ལས་འགུལ་ནང་མི་བདུན་རེ་བྱས་ཏེ་དུས་མཉམ་དུ་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གནང་བཞིན་འདུག བློ་དགའ་རང་བཙན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཏེ་ཟླ་བ་གཉིས་མ་ཟིན་ཙམ་སོང་བའི་དུས་འདིར་ད་ལྟ་བོད་མིས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་ཀྱང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཡ་ལེན་དོན་འབྲས་ལྡན་པ་ཞིག་བྱེད་ཀྱི་ཡོད་མེད་ནི་དྲི་བ་ཞིག་ཆགས་ཡོད། ཨོསི་ཊརེ་ལི་ཡའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱལ་སྤྱིའི་ཐབས་ཇུས་ལས་འགུལ་བ་ཨན་ཌྲུ་ཝིཐི་ཕོརཌི་ལགས་ཀྱིས་བློ་དགའ་རང་བཙན་ལགས་ཀྱི་སྐོར་གནས་ཚུལ་དེ་དང་པོ་མཐོང་དུས་ཧང་སང་པ་དང་སེམས་སྡུག་བློ་འགྱོད་ཆེན་པོ་བྱུང་བ། ངས་བལྟས་ན་དེ་ནི་འགྲོ་བ་མི་སུ་ཞིག་ཡིན་རུང་འཇིགས་སུ་རུང་བ་ཞིག་རེད། ད་རེས་ཀྱི་དོན་རྐྱེན་དེས་བོད་མིའི་སྤྱི་ཚོགས་ཀྱི་མི་འགའ་ཤས་འ་ཆད་འུ་ཐུགས་པ་དང་རེ་ཐག་ཆད་པའི་ཚད་ཐོ་ཤོས་ལ་སླེབས་པའི་མཚོན་རྟགས་ཤིག་རེད་བསམ་གྱི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསུངས་བྱུང་། ད་དུང་ཁོང་གིས་མུ་མཐུད་གསུངས་དོན་དུ། བཙན་ཤེད་ཀྱི་ཐོག་ནས་གྲངས་ཉུང་མི་རིགས་རྒྱ་མི་རིགས་ཀྱི་ཁོངས་སུ་མཉམ་བསྲེས་བྱེད་པ་དེ་སྲིད་གཞུང་གི་སྲིད་ཇུས་ཤིག་ཡིན་ཞིང་། སྲིད་ཇུས་དོན་འཁྱོལ་ཆེད་ཁྲིམས་ལུགས་ཀྱིས་རྒྱབ་སྣོན་བྱེད་ཀྱི་ཡོད་པ་གསལ་པོ་བསྟན་ཡོད་པ་དང་། བོད་ལ་རྒྱལ་སྤྱིའི་དོ་སྣང་རྒྱུན་འཁྱོངས་བྱེད་པར་དཀའ་ངལ་འཕྲད་དོན་སྐོར་ཁོང་གིས་རྒྱལ་ཁབ་མང་ཆེ་བའི་དུས་རྒྱུན་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་དོན་ལས་སོ་སོའི་རྒྱལ་ཁབ་ཀྱི་རྒྱ་ནག་མཉམ་དུ་དཔལ་འབྱོར་དང་འཐབ་ཇུས་ཀྱི་འབྲེལ་བ་དེ་ལ་རྒྱུན་དུ་གཙོ་གནད་ཆེ་བར་རྩི་ཡི་ཡོད་པ་རེད་ཅེས་གསུངས་བྱུང་། དེ་བཞིན་བོད་མི་དང་གྲངས་ཉུང་མི་རིགས་གཞན་ཚོར་རྒྱ་ནག་ནང་འཕྲད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་དེ་རྒྱལ་ཁབ་གཞན་ཁག་གིས་ཤེས་ཀྱི་ཡོད་ཀྱང་། ཁོང་ཚོས་རྒྱ་ནག་མཉམ་དུ་ཆབ་སྲིད་དང་དཔལ་འབྱོར་ཡང་ན་འཐབ་ཇུས་ཀྱི་འབྲེལ་བར་གནོད་སྐྱོན་གཏོང་རྒྱུར་དྭོགས་ཟོན་དང་ཡིད་གཟབ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་གནད་དོན་དེ་དག་ལ་གལ་ཆེན་པོ་མ་བརྩིས་པ་རེད་ཅེས་བརྗོད་བྱུང་། ཡང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་ཐད་ལྟ་ཞིབ་བྱེད་མཁན་ཨི་ཊ་ལིའི་གསར་འགོད་པ་མཱར་ཀོ་རེས་པིན་ཊི་ལགས་ཀྱིས་བློ་དགའ་རང་བཙན་ལགས་ནི་རྒྱ་ནག་དམར་ཤོག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་བཅུ་ཕྲག་མང་པོའི་ཁོངས་ནས་གཅིག་ཡིན་པ་དང་ཁོང་འདས་གྲོངས་སུ་གྱུར་བ་དེས་བོད་ནང་གི་གནས་སྟངས་ཛ་དྲག་ཡིན་པ་མཚོན་གྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང། དེ་ཡང་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་རེ་འབོད་ཀྱི་ནང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པར་ངོ་རྒོལ་གཅིག་ཆགས་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁྲིམས་དེས་གྲངས་ཉུང་མི་རིགས་ཚོ་རྒྱ་རྒྱུར་གྱི་སྲིད་ཇུས་ལ་སྔར་བས་ཤུགས་ཆེ་རུ་གཏོང་བ་ཞིག་ཡིན་པར་སྐྱོན་བརྗོད་བྱེད་ཀྱི་འདུག མཱར་ཀོ་རེས་པིན་ཊི་ལགས་ཀྱིས་ད་དུང་། གང་ཟག་གཅིག་གིས་རང་ཉིད་མེར་སྲེག་གཏོང་རྒྱུའི་ཐག་གཅོད་བྱེད་དགོས་འཁེལ་སྐབས། གནས་སྟངས་དེ་བཟོད་དཀའ་བ་ཞིག་མཚོན་གྱི་ཡོད་པས། བློ་དགའ་རང་བཙན་ལགས་རང་སྲོག་བློས་གཏོང་བྱེད་རྒྱུ་འདི་གདམ་ཁར་མཐོང་ཡོད། བོད་ནང་གི་གནས་སྟངས་དེ་བཟོད་ཐབས་བྲལ་བ་ཞིག་རེད། འོན་ཀྱང་འཛམ་གླིང་གིས་དེར་ཉན་འཇོག་བྱེད་ཀྱི་མེད་པ་དང་། ག་རེ་བྱེད་ནས་དོ་སྣང་བྱེད་ཀྱི་མེད་པ་དེ་ཚོ་འདྲི་དགོས། འཛམ་གླིང་ནང་གཞུང་མང་པོ་ཞིག་གིས་རང་དབང་དང་འགྲོ་བ་མིའི་ཚེ་སྲོག་ལས་དཔལ་འབྱོར་གྱི་ཁེ་ཕན་དང་ཚོང་ལས་ལ་རིན་ཐང་ཆེ་བ་སྤྲོད་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དང་བོད་མི་གནས་ཡུལ་གང་སར་བོད་དོན་ངོ་རྒོལ་བྱེད་མཁན་ཚོར་རྒྱལ་སྤྱིའི་ངོས་ནས་ཡ་ལན་གང་འདྲ་ཡོང་གི་ཡོད་མེད་ད་ཆ་ལྟ་ཞིབ་དོ་སྣང་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།། བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

Download options
25 Aug 2026, 00:47 GMT བདེ་སྐྱིད་ཀུན་སྒྲོལ།

བོད་པའི་སློབ་གྲྭ་ཁག་ཏུ་སློབ་བཞིན་པའི་རིགས་ལམ་སློབ་ཚན་དེས། དེང་དུས་ཤེས་ཡོན་སློབ་སྦྱོང་ལ་རམ་འདེགས་བྱེད་བཞིན་ཡོད་པ་གསུང་གི་འདུག བོད་པའི་སློབ་གྲྭ་ཁག་ཏུ་སློབ་བཞིན་པའི་རིགས་ལམ་སློབ་ཚན་དེས། དེང་དུས་ཤེས་ཡོན་སློབ་སྦྱོང་ལ་རམ་འདེགས་བྱེད་བཞིན་ཡོད་པ་དང་། ནང་ཆོས་ཀྱི་རིགས་ལམ་ཐོག་ནས་སློབ་གཉེར་གནང་སྟངས་འདི་དེང་རབས་ཚན་རྩིས་སློབ་གཉེར་སོགས་ལའང་ཕན་ནུས་ཡོད་པ་སློབ་མ་ཚོས་གསུང་གི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་རིགས་ལམ་ཞེས་པ་དེ་ནི་ཆོས་ཕྱོགས་ཀྱི་ངོ་བོ་ཁོ་ནར་མ་བཞག་པར། དགོན་སྡེ་གྲྭ་ཚང་དང་། བཤད་གྲྭ་ཁག་གཙོ་བོར་གྱུར་པའི་སློབ་གྲྭ་ཁག་ནང་འཚར་ལོངས་བྱུང་བཞིན་པའི་སློབ་མ་རྣམས་ལ་དེང་དུས་ཀྱི་སློབ་ཚན་ཚན་རྩིས་སོགས་རིགས་འགྲེ་གནང་ནས་སློབ་འཁྲིད་གནང་རྒྱུ་གལ་ཆེ་ཡིན་པ་བཀའ་ཕེབས་ཡོད་པ་བཞིན། རིགས་ལམ་འདུ་འཛོམས་ཐོག་མཉམ་ཞུགས་གནང་མཁན་གྱི་བོད་ཕྲུག་ཁག་ཅིག་གིས་རིགས་ལམ་སློབ་སྦྱོང་ནི་ཤེས་ཡོན་སློབ་སྦྱོང་བྱེད་སྟངས་སྤྱིའི་རྩ་བར་གྱུར་ཡོད་པ་གསུང་གི་འདུག དེ་ཡང་གྷོ་པལ་པུར་བོད་ཁྱིམ་ནས་ཡིན་པ་འོད་ཟེར་ཆོས་སྒྲོན་ལགས་ཀྱིས། ཁོང་གིས་འཛིན་གྲྭ་དང་པོ་ནས་དྲུག་པ་བར་སློབ་གྲྭའི་ནང་རིགས་ལམ་སློབ་སྦྱོང་གནང་བ་དེས། རིག་པ་འཕེལ་ཞིང་བསམ་བློ་རྒྱ་ཆེན་པོ་བཏང་ཐུབ་པ། ངག་ཏུ་འཇགས་སླ་བ་སོགས་ཀྱི་ཕན་ཐོགས་ཞེ་དྲགས་འདུག་ཅིང་། རྟགས་གསལ་བཏང་མཁན་དང་དམ་བཅའ་བར་ཡག་པོ་ཉན་ཚེ། དེའི་བརྒྱུད་ཤེས་བྱ་གསར་པ་མང་པོ་ཤེས་ཀྱི་རེད་ཅེས་གསུང་གི་འདུག་ལ། མ་སུ་རི་བོད་ཁྱིམ་ནས་ཡིན་པ་བསྟན་འཛིན་ནོར་འཛིན་ལགས་ཀྱིས། ཨང་རྩིས་ལ་རྩིས་ཀྱི་སྦྱོར་ཐབས་མང་པོ་ཞིག་བློ་འཛིན་བྱ་དགོས་པ་རྣྱམས། སྤྱིར་བཏང་བློ་འཛིན་བྱས་པ་ལས་རིགས་ལམ་བརྒྱུད་སྦྱོར་ཐབས་དེ་དག་ལ་ཞིབ་པར་གོ་རྟོགས་བྱུང་ཚེ། མ་འོངས་ཀླད་པར་གཏན་དུ་འཇགས་པར་ཕན་ཐོགས་ཡོང་གི་འདུག་ཅེས་གསུང་གི་འདུག ཡང་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས། ཁོང་ད་ལྟའི་ཆར་རིགས་ལམ་སྦྱངས་ནས་ལོ་བཞི་འགྲོ་བཞིན་ཡོད་པ་དང་། རྩ་བའི་རིགས་ལམ་ཐོག་མར་སྦྱངས་དུས་ཤེས་རྟོགས་དང་གོ་བ་ལེན་དཀའ་ཡང་རིམ་པས་རིགས་ལམ་གྱིས་བསམ་བློ་རྒྱ་ཆེ་ཞིང་དོན་དང་ལྡན་པ་གཏོང་ཐུབ་པར་ཕན་ཐོགས་ཆེན་པོ་ལྡན་ཡོད་ཅེས་གསུངས་ཤིང་། སིམ་ལ་སཾ་བྷོ་ཊ་གཏན་སློབ་ནང་འགྲིམ་བཞིན་པ་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ལོ་ལྔའི་རིང་རིགས་ལམ་སློབ་སྦྱོང་གནང་བ་དེས། རིག་པ་གསལ་དུ་འགྲོ་བ་གང་ཞིག་ལ། སྐབས་རེ་ཚན་རྩིས་སོགས་དང་འབྲེལ་བའི་མགོ་རྙོག་པའི་སློབ་ཚན་སོགས་སུ། རིགས་ལམ་དང་ཚན་རིག་དགེ་རྒན་རྣམས་དང་ལྷན་རིགས་ལམ་བརྒྱུད་ཤེས་རྟོགས་ཐུབ་ཐབས་ལ་འབད་བརྩོན་བྱས་ཚེ། ཤེས་རྒྱུ་སླ་རུ་འགྲོ་བ་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་གསུང་གི་འདུག གཞན་ཡང་བདེ་སྐྱིད་གླིང་བོད་ཁྱིམ་ནས་ཡིན་པ་བསྟན་འཛིན་མདུན་བཟང་ལགས་ཀྱིས། དེ་སྔ་ཁོང་ལ་རིགས་ལམ་རྩོད་དུས་དཀའ་ངལ་འཕྲད་ཡོད་ཀྱང་། ད་ལྟའི་ཆར་དེར་དགའ་བ་སྐྱེས་ཤིང་། རིགས་ལམ་བརྒྱུད་སློབ་ཚན་མང་དག་ཅིག་ཁ་གསལ་དུ་འགྲོ་ཞིང་། རང་ཉིད་ཀྱི་ངག་ནས་ཀྱང་ཚིག་ཁ་གསལ་དང་སྒྲ་དག་པོ་ཡོང་བར་ཕན་ཐོགས་ཤིན་ཏུ་ཆེབས།་མ་འོངས་ཁོང་མཐོ་སློབ་འགྲིམ་སྐབས་སུའང་རིགས་ལམ་མུ་མཐུད་བཀོལ་སྤྱོད་གནང་རྒྱུ་ཡིན་ཞེས་གསུང་གི་འདུག བོད་པའི་སློབ་གྲྭ་ཁག་ཏུ་རིགས་ལམ་གྱི་ཐོག་ནས་སློབ་གཉེར་གནང་པའི་ལམ་སྲོལ་དེ་དར་ཁྱབ་བྱུང་ཞིང་། འདས་པའི་ལོ་ངོ་ ༡༤ ལྷག་གི་རིང་ལ་འཚོགས་བཞིན་པའི་རིགས་ལམ་གྱི་འདུ་འཛོམས་ཆེན་མོ་ཞིག་བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཆག་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་ཡོད་ལ། རྡ་ས་དང་མ་སུ་རི་ས་ཁོངས་ཀྱི་ནང་དུ་གཏོགས་པའི་གཏན་ཉིན་སློབ་གྲྭ་ཁག་བཅོ་ལྔ་ནས་སློབ་མ་གྲངས་ ༡༡༥ ཙམ་གྱིས་མཉམ་ཞུགས་གནང་སྟེ་སློབ་གྲྭ་སོ་སོའི་ནང་སློབ་འཁྲིད་གནང་བའི་ཨང་རྩིས་དང་ཚན་རིག་གཉིས་ཀྱི་སློབ་ཚན་ཐོག་རྟགས་གསལ་གྱི་ལམ་ནས་རྩོད་འགྲན་གནང་འདུག་ལ། རིགས་ལམ་འདུ་འཛོམས་དེ་ཡང་ཕྱི་ལོ་ ༢༠༡༢ ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་དབུ་འཛུགས་གནང་བ་ཞིག་རེད་འདུག རྩ་བའི་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་པའི་སྐད་ཡིག་དང་ཆོས་རིག་སློབ་སྦྱོང་དང་ཉམས་ལེན་བྱེད་པར་འགོག་རྐྱེན་དང་། རྒྱ་ནག་གི་ངོ་བོར་བསྒྱུར་བའི་སྲིད་བྱུས་སྤེལ་བཞིན་པ་དང་། དེ་ཡང་ཉེ་བའི་ཆར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལག་བསྟར་བྱེད་འགོ་བཙུགས་པའི་ཁྲོད་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་ཉེན་ཡོད་པར་བརྗོད་བཞིན་པའི་སྐབས་འདིར། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ཏུ་དེང་དུས་ཀྱི་ཚན་རྩིས་རིག་གནས་སོགས་དང་འབྲེལ་བའི་སློབ་སྦྱོང་རྣམས། བོད་ཀྱི་སྲོལ་རྒྱུན་སྦྱང་སྲོལ་ཅན་དུ་བསྒྱུར་ཏེ་དེང་རབས་ཀྱི་སློབ་ཚན་རྣམས་བོད་མིའི་ངོ་བོ་ཅན་དུ་འགྱུར་བའི་དུས་ཚིགས་ཤིག་ཆགས་ཀྱི་ཡོད་པ་རེད།། པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download options
22 Aug 2026, 16:17 GMT པདྨ་དངོས་གྲུབ།

རྒྱ་གར་གྱི་ལུ་དྷི་ཡ་ནར་པཎ་འཇབ་ཚོང་པ་མང་པོས་བློ་དགའ་རང་བཙན་ལཊ་སུ་རྗེས་དྲན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་པ། ང་ཚོས་བོད་ལ་རང་དབང་མ་ཐོབ་ཀྱི་བར་དུ་གོམས་པ་མདུན་སྤོས་ཀྱི་འབད་བརྩོན་བྱ་རྒྱུའི་དམ་བཅའ་བཞག་དགོས་པ་རེད་ཅེས་རྒྱ་གར་གྱི་པན་ཇབ་མངའ་སྡེའི་གྲོང་ཁྱེར་ལུ་དྷི་ཡ་ན་ས་གནས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ན་ཝིན་སུདྷ་ལགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་གྲོང་ཁྱེར་དེའི་ནང་བོད་དོན་ཆེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སྐབས་གསུང་གནང་འདུག་ལ། ཁོང་གིས་སྐབས་དེར་མུ་མཐུད་གསུངས་དོན་དུ། རྒྱ་ནག་གི་དམག་མིས་བོད་ནང་བཙན་འཛུལ་བྱེད་སྐབས་རྒྱ་གར་གྱི་རོགས་སྐྱོར་བྱས་ཡོད་ན་ད་ལྟ་རྒྱ་གར་གྱི་བདེ་འཇགས་ཀྱི་ཐོག་དཀའ་ངལ་ཡོང་ཐབས་མེད་པ་རེད། ད་ལྟ་ཡིན་ཡང་བོད་ལ་རང་དབང་ཐོབ་རྒྱུ་ནི་རྒྱ་གར་གྱི་བདེ་འཇགས་ཀྱི་གནད་དོན་ཐོག་ནས་གནད་འགག་ཅིག་རེད་ཅེས་གསུངས་འདུག བོད་མིའི་སུད་ཚོང་པའི་ཚོང་ཟོག་འདོན་ཡུལ་གྱི་གྲོང་ཁྱེར་ལུ་དྷི་ཡ་ནར་རྔམ་སྟོན་ལས་འགུལ་སྤེལ་བ། ༢༠༢༦།༨།༢༢ (བོད་ཀྱི་གཞོན་ནུ་ལྷན་ཚོཊ།) ཡང་ལུ་དྷི་ཨ་ན་ལ་ལ་ (ཚོང་པ་) དང་བོད་ཀྱི་ཚོང་པ་ཚོགས་པའི་ཚོགས་གཙོ་གྷོ་ཌི་ཅའོ་ལཱ་ལགས་ཀྱིས་གསུངས་དོན་དུ། རྒྱ་ནག་གིས་བོད་ནང་བདུད་ལྟ་བུའི་སྡུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་རྒྱུ་དེ་དག་མཚམས་འཇོག་བྱེད་དགོས་པ་རེད་ཅེས་དང་ང་ཚོ་ཚོང་པར་ལ་ལ་ཚང་མ་ཁྱེད་ཚོ་བོད་མི་ཚོའི་རྒྱབ་ཏུ་ལངས་ཡོད། ངོས་རང་ཉིད་རིང་མིན་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་སྐབས་འོས་མིར་ལང་རྒྱུ་ཡིན། གལ་སྲིད་ང་ལ་རྒྱལ་ཁ་ཐོབ་པ་ཡིན་ན་རྒྱ་གར་གྲོས་ཚོགས་ཀྱི་ནང་བོད་དོན་གླེང་རྒྱུ་ཡིན་ཞེས་གསུངས་འདུག རྒྱ་གར་གྱི་གྲོང་ཁྱེར་ལུ་དྷི་ཡ་ནར་སྤེལ་བའི་ལས་འགུལ་དེ་ནི་བྷན་དྷ་ར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲོག་འོག་བོད་ནང་གི་ད་ལྟའི་གནས་སྟངས་སྤྱི་དང་ལྷག་པར་བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་པའི་གནས་སྟངས་རྣམས་རྒྱ་གར་མི་མང་སྤྱི་དང་ལྷག་པར་ལུ་དྷི་ཨ་ནའི་རྒྱ་གར་མི་མང་ཚོར་ངོ་སྤྲོད་དང་། བོད་དོན་ཐོག་དོ་སྣང་འགུག་རྒྱུ་དང་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་དམིགས་པ་བྷན་དྷ་ར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ལགས་ཀྱིས་གསུངས་བྱུང་། ལུ་དྷི་ཡ་ནར་བོད་དོན་ངོ་རྒོལ་ནང་ཞུགས་པ། ༢༠༢༦།༨།༢༢ (བོད་ཀྱི་གཞོན་ནུ་ལྷན་ཚོཊ།) རྒྱ་གར་ལུ་དྷི་ཡ་ན་ལ་ལ་ཚོང་པ་ཚོ་དང་བོད་མི་ཚོང་པ་ཚོའི་དབར་འདས་ལོ་ངོ་ ༧༠ ཙམ་རིང་ཕན་ཚུན་དབར་དངུལ་སྤྲོད་ལེན་གྱི་གན་རྒྱ་བཞག་མི་དགོས་པར་ཡིད་ཆེས་ཀྱི་ཚོང་འབྲེལ་ཡོད་པ་དེ་མུ་མཐུད་རྒྱུད་འཛིན་བྱེད་བཞིན་ཡོད་སྐོར་ད་བར་ལོ་ངོ་ ༣༡ རིང་བལ་གོས་ཀྱི་ཚོང་དོན་གཉེར་བཞིན་པ་དང་ད་ལྟ་བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་ཀྱི་རྒྱུན་ལས་ཡིན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ལས་འགུལ་དེའི་ནང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་གཙོས་རྒྱུན་ལས་རྣམ་པ་དང་རྒྱ་གར་བྱང་ཕྱོགས་པོན་ཌོ་ས་གནས་ཀྱིས་གཙོས་ས་གནས་ཁག་མང་པོ་ཞིག་ནས་བོད་མི་དང་རྒྱ་གར་ལུ་དྷི་ཡ་ན་ལ་ལ་བཅས་མཉམ་ཞུགས་གནང་ཡོད་པ་དང་། ཚེས་༢༠་ཉིན་ལུ་དྷི་ཡ་ནར་བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་ཀྱིས་བློ་དགའ་རང་བཙན་ལགས་ཀྱི་ཞེ་དགུའི་དུས་ཚིགས་ལ་བསྔོ་སྨོན་མཆོད་འབུལ་ཡང་གནང་ཡོད་པ་རེད།། བརྙན་པར་སྒྲིག་སྦྱོར་བ། པདྨ་དངོས་གྲུབ།

Download options
22 Aug 2026, 14:24 GMT བདེ་སྐྱིད་ཀུན་སྒྲོལ།

རྒྱ་གར་ཀྱི་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལག་བསྟར་ཐད་ཉེན་བརྡ་བཏང་པ།

Download Video
RFA logo
Video
Credit: བདེ་སྐྱིད་ཀུན་སྒྲོལ།
22 Aug 2026, 14:24 GMT བདེ་སྐྱིད་ཀུན་སྒྲོལ།

རྒྱ་གར་ཀྱི་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལག་བསྟར་བྱེད་བཞིན་པའི་སྐབས་འདིར། རྒྱ་གར་གཞུང་ལ་བཙན་བྱོལ་བོད་མིའི་རང་དབང་དང་བདེ་འཇགས་སྲུང་དགོས་ཞེས་འབོད་སྐུལ་ཞུས་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆར་དུས་་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་དང་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མི་མང་དག་ཅིག་ལ་བོད་དོན་ཞུ་གཏུག་གནང་བའི་རྗེས། མ་ཧ་རཤ་ཏྲ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འཐུས་མི་ཝར་ཤ་ ཨེཀ་ནཐ་ གྷཡེཀ་ཝཌ་ (Varsha Eknath Gaikwad) ལགས་ཀྱིས་རྒྱ་ནག་གཞུང་གིས་གཏན་འབེབས་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དེས་བོད་མིའི་རང་དབང་ལ་རྡོག་རོལ་གཏོང་སྲིད་པའི་སེམས་འཚབ་གསལ་སྟོན་གྱི་ཞུ་ཡིག་ཅིག་རྒྱ་གར་ཕྱི་སྲིད་བློན་ཆེན་ཇཡེ་ཤང་ཀར་ (S. Jaishankar) ལགས་དང་ནང་སྲིད་བློན་ཆེན་ ཨ་མིཏ་ ཤཱ་ (Amit Shah) གཉིས་ལ་ཕུལ་འདུག རྒྱ་གར་གཞུང་ལ་བཙན་བྱོལ་བོད་མིའི་རང་དབང་དང་བདེ་འཇཊ་སྲུང་དགོས་པ་གྲོས་ཚོཊ་འཐུས་མིས་འབོད་སྐུལ་ཞུས་འདུག གྲོས་ཚོགས་འཐུས་མི་ཝར་ཤ་ ཨེཀ་ནཐ་ གྷཡེཀ་ཝཌ་ (Varsha Eknath Gaikwad) ལགས་ཀྱིས་ཕུལ་བའི་ཞུ་ཡིག་དེའི་ནང་། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེས། རྒྱལ་མཚམས་བརྒལ་བའི་དྲག་གནོན་ཡོང་སྲིད་པའི་ཉེན་ཁ་ཡོད་པའི་སྐབས་འདིར། རྒྱ་གར་ནང་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཀྱི་བདེ་འཇགས་དང་རང་དབང་ལའང་དམིགས་བསལ་ཉེན་ཁ་ཡོད་པས། རྒྱ་གར་གཞུང་ངོས་ནས་རྒྱ་ནག་གི་ཁྲིམས་ཡིག་དེའི་བརྒྱུད་བོད་མི་བཙན་བྱོལ་བ་རྣམས་ལ་དོ་ཕོག་གང་འགྲོ་སྲིད་པའི་ཐད་ཞིབ་འཇུག་དགོས་པའི་སྐུལ་བ་གནང་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རིག་གཞུང་རྩ་གཏོར་བཞིན་པ་རྣམས་ཀྱི་སྐོར་ལ་བཀའ་མོལ་གནང་དགོས་པའི་སྐུལ་མ་གནང་འདུག གཞན་ཡང་ཁོང་གིས། རྒྱ་གར་ནི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་དང། མནར་གཅོད་མྱོང་མཁན་རྣམས་སྲུང་སྐྱོབ་བྱེད་མཁན་གྱི་རྒྱལ་ཁབ་ཞིག་ཡིན་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བཙན་བྱོལ་བོད་མི་རྣམས་ལ་སྐྱབས་བཅོལ་གྱི་གནས་བབ་ཕུལ་ཡོད་པ་ལྟར། ད་ཆ་བོད་མི་རིགས་ཀྱི་ཐོབ་ཐང་དང་རིག་གཞུང་དང་ངོ་བོ། རང་དབང་བཅས་ཀྱི་གནད་དོན་ལ་ཁུ་སིམ་མི་སྡོད་པར་དབུས་གཞུང་གིས་དེ་འབྲེལ་ལངས་ཕྱོགས་གསལ་པོ་ཞིག་འཛིན་དགོས་པ་སོགས་གསུངས་འདུག མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་དེའི་བརྒྱུད་ཤུགས་སུ་འཕགས་བོད་ས་མཚམས་དང་འབྲེལ་བའི་གནད་དོན་ལ་དོ་ཕོག་འགྲོ་སྲིད་པ་འགྲེལ་བརྗོད་དང་སྦྲགས། ཁྲིམས་ཡིག་དེར་བརྟེན་ཉེ་ལམ་བློ་དགའ་རང་བཙན་ལགས་ཀྱིས་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་བསྲེགས་གནང་བ་སོགས། ཁྲིམས་ཡིག་དེས་མི་མང་པོའི་སེམས་ཁོངས་ལ་རྨ་ཁ་བཟོས་ཡོད་པ་སོགས་འཁོད་འདུག འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གྲོས་ཚོགས་འཐུས་མི་ཝར་ཤ་ ཨེཀ་ནཐ་ གྷཡེཀ་ཝཌ་ (Varsha Eknath Gaikwad) ལགས་ལ་ཕྱག་བྲིས་དེར་ལན་འདེབས་བྱུང་ཡོད་མིན་སོགས་ཀྱི་སྐོར་བཀའ་འདྲི་ཞུ་ཆེད་འབྲེལ་བ་མཐུད་ཐབས་བྱས་ཀྱང་། ད་བར་བཀའ་ལན་བྱུང་མ་སོང་། རྒྱ་གར་གྲོས་ཚོཊ་འཐུས་མི་ཝར་ཤ་ལགས་ཀྱིས་དབུས་གཞུང་ཕྱི་སྲིད་བློན་ཆེན་ལ་ཕུལ་བའི་ཕྱག་བྲིས། (Varsha Gaikwad via X) རྩ་བའི་ཟླ་འདིའི་ཚེས་ ༣ ནས་ ༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ལས་གྲུབ་པའི་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་གནང་བའི་ཁྲོད། གྲོས་ཚོགས་འཐུས་མི་ (Varsha) ལགས་ལ་ཆེད་བཅར་གྱིས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་དུ་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་ཞིང། ཁྲིམས་ཡིག་དེ་ལག་བསྟར་བྱེད་འགོ་བཙུགས་ནས་ཉིན་གཅིག་གི་རྗེས་སུ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པའི་གནས་སྟངས་སོགས་ཞིབ་ཕྲ་སྙན་གསེང་ཞུས་ཡོད་པ་རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གྲོས་ཚོགས་འཐུས་མི་ ༤༣ ལ་དོན་ཚན་ལྔ་ཅན་གྱི་བོད་དོན་ཞུ་གཏུག་གནང་རྗེས། སྤྱི་འཐུས་རྣམས་ཀྱིས་བོད་དོན་ཞུ་གཏུག་གནང་སའི་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་དང་བཀའ་མོལ་བྱུང་བ་དེས་ཕྱོགས་གཉིས་དབར་བསམ་ཤེས་དང་མཉམ་ལས་གོང་འཕེལ་ཡོང་བར་ཕན་ཐོགས་བྱུང་ཡོད་ཅིང་། རྒྱ་གར་ནི་བོད་མི་རིགས་ཀྱི་གཏན་གྲོགས་ཤིག་ཡིན་ཞིང་། རྒྱ་གར་དང་བོད་པའི་སྤྱི་ཚོགས་དབར་འགྱུར་བ་མེད་པའི་འབྲེལ་བ་ཞིག་ཡོད་པ་སོགས་གསུངས་འདུག བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download options
20 Aug 2026, 18:05 GMT བདེ་སྐྱིད་ཀུན་སྒྲོལ། , པ་སངས་ཚེ་རིང་།, པདྨ་དངོས་གྲུབ།

བློ་དགའ་རང་བཙན་ལགས་ཀྱི་ཆེད་གཞུང་འབྲེལ་གྱི་མཆོད་འབུལ་དང་གོམ་བགྲོད་གནང་པ།

Download Video
RFA logo
Video
Credit: བདེ་སྐྱིད་ཀུན་སྒྲོལ། , པ་སངས་ཚེ་རིང་།, པདྨ་དངོས་གྲུབ།
20 Aug 2026, 18:05 GMT བདེ་སྐྱིད་ཀུན་སྒྲོལ། , པ་སངས་ཚེ་རིང་།, པདྨ་དངོས་གྲུབ།

བློ་དགའ་རང་བཙན་ལཊ་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་ཏེ་ཞག་ ༤༩ འཁོར་བར་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཟུང་སྦྲེལ་གྱི་གཞུང་འབྲེལ་མཆོད་འབུལ་དང་ཞི་བའི་གོམ་བགྲོད་གནང་པ། བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་སྟེ་བདུན་ཚིགས་བདུན་པ་འཁེལ་གྱི་ཡོད་སྟབས་དམ་པ་ཁོང་ཉིད་དང་། བོད་ཕྱི་ནང་གཉིས་སུ་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམ་པར་གདུང་སེམས་མཉམ་སྐྱེད་དང་། མྱ་ངན་གུས་འདུད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལ་ངོ་རྒོལ་མཚོན་ཕྱིར། བཀའ་སྤྱི་གཉིས་ཐུན་མོང་གིས་གོ་སྒྲིག་འོག སྔ་དྲོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་དང་། དེ་རྗེས་རྡ་ཤོད་ཉེན་རྟོག་པའི་ཐང་བར་ཞི་བའི་གོམ་བགྲོད་གནང་སོང་། གཞུང་འབྲེལ་མཆོད་འབུལ་དང་གོམ་བགྲོད་སྐབས། ༢༠༢༦།༨།༢༠ (RFA Tibetan) ཐེངས་འདིར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེའི་དམིགས་འབེན་རྣམས་དུས་ཡུན་ངེས་ཅན་ནང་མཇུག་འབྲས་ཇི་ལྟར་ཐོན་མིན་ནི་གཞིས་བྱེས་བོད་མི་ཚོས་ངན་བྱུས་དེ་ལམ་དུ་མི་འགྲོ་བའི་ཁ་གཏད་གདོང་ལེན་ཇི་ལྟར་བྱེད་ཐུབ་མིན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ང་ཚོར་བདེན་པའི་དཔུང་རོགས་ཅི་ཙམ་བྱེད་ཐུབ་མིན་ལ་རགས་ལས་ཡོད་པ་གསུངས་སོང་ལ། རྒྱ་ནག་གཞུང་གིས་གཞིས་ལུས་བོད་མི་ཚོར་རྩ་གཏོར་གྱི་སྲིད་བྱུས་རྒྱུན་མཐུད་སྤེལ་བཞིན་པར་རྒྱལ་སྤྱིའི་དོ་སྣང་འདྲེན་ཆེད། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་དུ་ཤེས་རྟོགས་བྱུས་བའི་བོད་མི་ ༡༥༧ ནས་རང་ལུས་མེར་བསྲེགས་གནང་སྟེ། འདས་གྲོངས་སུ་གྱུར་བ་ ༡༣༦ དང་། སྐུ་འཚོ་བཞུགས་ཡོད་པ་ ༩། གནས་སྟངས་གསལ་པོ་མེད་པ་ ༡༢ བྱུང་ཡོད་ཅིང་།་བཙན་བྱོལ་ནང་དུ་བློ་དགའ་རང་བཙན་ལགས་ཚུད་པའི་བོད་མི་ ༡༡ གིས་རང་ལུས་མེར་བསྲེགས་གནང་སྟེ། འདས་གྲོངས་སུ་གྱུར་བ་ ༩ དང་སྐུ་འཚོ་བཞུགས་ཡོད་པ་ ༢ ཡོད་བཅས་ཀྱི་ཁ་གྲངས་སོགས་གསུངས་སོང་། བོད་མི་བློས་གཏོང་གནང་མཁན་རྣམས་ལ་རྗེས་དྲན་གྱི་མཆོད་འབུལ་དང་ཞི་བའི་གོམ་བགྲོད་གནང་སྐབས། ༢༠༢༦།༠༨།༢༠ (RFA Tibetan) གཞན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ཀྱི་གནས་སྟངས་ཛ་དྲག་ཆེའི་བའི་དུས་སྐབས་འདིར་བཟང་སྤྱོད་དང་དྲང་བདེན་གྱིས་འགན་ཁུར་གནང་དགོས་པའི་དོན་ཚན་བརྒྱད་ཅན་གྱི་འབོད་སྐུལ་ཞུས་པ་དང་སྦྲགས། བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་བློས་གཏོང་གནང་བ་འདིས་མཉམ་འབྲེལ་རྒྱལ་ཚོགས་དང་། སྲིད་གཞུང་ཁག མི་མང་བཅས་འཛམ་གླིང་ཡོངས་ལ་བོད་ཀྱི་དཀའ་སྡུག་རྣམས་གསལ་སྟོན་བྱས་ཏེ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་གདོང་ལེན་དང་ངོ་རྒོལ་གྱིས་བོད་ཀྱི་ལོ་རྒྱུས་ནང་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་ལེའུ་གསར་པ་ཞིག་ཆགས་ཡོད་ཅེས་འཁོད་འདུག བཞུགས་སྒར་དུ་གནང་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་འདིའི་ཐོག་བོད་མི་སྟོང་ཕྲག་ཁ་ཤས་ཀྱིས་མཉམ་ཞུགས་གནང་སོང་ལ། ལས་འགུལ་དེ་བཞིན་གྲུབ་མཚམས་རྡ་ས་ས་གནས་གཞོན་ལྷན་གྱི་དྲུང་ཆེ་ཚེ་རིང་ཐར་ཕྱིན་ལགས་ཀྱིས་རྡ་ས་ནས་ལྡི་ལི་བར་ཁེར་རྐྱང་གི་གོམ་བགྲོད་ལས་འགུལ་འགོ་བཙུགས་གནང་བ་དང་འབྲེལ། ལས་འགུལ་དེའི་བརྒྱུད་གཙོ་བོ་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་ཀྱི་གནད་ཡོད་མི་སྣ་དང་མཁས་ལས་པ་རྣམས་ལ་བོད་དོན་གོ་རྟོགས་སྤེལ་རྒྱུའི་དམིགས་ཡུལ་ཡོད་པ་གསུང་གི་འདུག རྡ་སར་གཞུང་འབྲེལ་གྱི་ཞི་བའི་གོམ་བགྲོད་གནང་སྐབས། ༢༠༢༦།༠༨།༢༠ (RFA Tibetan) ཀོལ་ཀ་ཏར་ངོ་རྒོལ་གནང་པ། ཕྱི་ཟླ་ ༨ ཚེས་ ༢༠ ཉིན་རྒྱ་གར་གྱི་ཀོལ་ཀ་ཏ་གྲོང་ཁྱེར་དུ་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་རྔམ་སྟོན་ལས་འགུལ་གནང་སྟེ་བློ་དགའ་རང་བཙན་ལཊ་ཀྱི་རེ་འབོད་གསལ་སྟོན་གནང་འདུག ས་གནས་གཞོན་ནུའི་གོ་སྒྲིག་འོག་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བློ་དགའ་རང་བཙན་ལགས་ཀྱི་ཞག་ཞེ་དགུའི་རྗེས་དྲན་གྱི་ལས་འགུལ་གནང་པ། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རུ་བི་མུ་ཁེར་ཇི་ལགས་ཀྱིས། རྒྱ་ནག་གཞུང་གིས་སྲིད་བྱུས་ལ་ངོ་རྒོལ་དང། ང་ཚོའི་དགོས་འདུན་གཙོ་བོ་ནི་བོད་ལ་རང་དབང་སྤྲོད་དགོས་པ་དང་རྒྱ་མི་བོད་ནས་ཕྱིར་ཐོན་དགོས། བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད་ལ་མ་འོངས་པར་ཡང་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་གནས་ཀྱི་རེད། ང་ཚོ་རྒྱ་གར་མི་མང་གི་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་གི་རེད། འཛམ་གླིང་ནང་གི་རྒྱལ་ཁབ་ཚང་མས་བོད་ལ་རང་དབང་ཐོབ་པའི་ཆེད་དུ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ད་རེས་ཀྱི་ལས་འགུལ་ནང་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ཁག་བཅོ་ལྔ་དང་ཨོ་རི་ས་བཅས་ནས་བོད་མི་ལས་འགུལ་བ་མི་གྲངས་ ༦༠༠ ལྷག་དང་ས་གནས་ཀྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ནས་མཉམ་ཞུགས་གནང་ཡོད་པ་རེད། རྒྱ་གར་ལྷོ་ཕྱོགས། སློབ་ཕྲུག་མང་པོས་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་ཞུས་ཤིང་། མ་འོངས་བོད་ཀྱི་གནད་དོན་ཐོག་ལ་ལས་འགུལ་མང་ཙམ་སྤེལ་དགོས་པ་དང་རང་རང་སོ་སོའི་ངོས་ནས་བྱེད་སྒོའི་ཐད་ལ་ཁས་ལེན་ཁག་ཅིག་གནང་གི་འདུག མ་འོངས་བོད་ཀྱི་གནད་དོན་ཐོག་ལ་ལས་འགུལ་མང་ཙམ་སྤེལ་དགོས་པ་དང་རང་རང་སོ་སོའི་ངོས་ནས་བྱེད་སྒོའི་ཐད་ལ་ཁས་ལེན་ཁག་ཅིག་གནང་གི་འདུག ཨོསི་ཊརེ་ལི་ཡར་ལས་འགུལ། གཞན་ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ (ATC)ཡི་གོ་སྒྲིག་འོག ཨོ་གླིང་གི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གཉིས་ཟླ་བ་རྗེས་མར་ཨ་རི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་ཕེབས་རྒྱུ་ཡིན་པའི་སྐབས་དེར། བོད་དོན་གླེང་སློང་དགོས་པ་དང་། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འོག་བོད་ཀྱི་རིག་གཞུང་རྩ་མེད་དུ་གཏོང་བཞིན་པའི་སྲིད་བྱུས་ཐེར་འདོན་དགོས་པ་སོགས་ཀྱི་དགོས་འདུན་འོག ཨོ་སི་ཀྲོ་ལི་ཡར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། ཨོསི་ཊརེ་ལི་ཡའི་ (Australia) རྒྱལ་ས་ཁེན་བྷེ་ར་ (Canberra) རྟེན་གཞི་བྱས་པའི་གྲོས་ཚོགས་མདུན་དུ་དང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་༥༥ནས་སྐྲ་བཞར་གྱི་ལས་འགུལ་སྤེལ་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བློ་དགའ་རང་བཙན་ལགས་རྗེས་དྲན་ཞུས་འདུག པར་ལེན་ཕྱོགས་སྒྲིག་པ། བསྟན་འཛིན་དོན་ཡོད། པ་སངས་ཚེ་རིང་། པདྨ་དངོས་གྲུབ།

Download options
20 Aug 2026, 06:10 GMT བསྟན་འཛིན་བདེ་སྐྱིད། , བཀྲ་དབང་།, སྒྲོལ་དཀར།

བློ་དགའ་རང་བཙན་ལགས་འདས་ནས་ཞག་ ༤༩ སོང་བའི་ཉིན་ནང་མི་ཚོས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཞུ་འབོད་གནང་པ།

Download Video
RFA logo
Video
Credit: བསྟན་འཛིན་བདེ་སྐྱིད། , བཀྲ་དབང་།, སྒྲོལ་དཀར།
20 Aug 2026, 06:10 GMT བསྟན་འཛིན་བདེ་སྐྱིད། , བཀྲ་དབང་།, སྒྲོལ་དཀར།

བློ་དགའ་རང་བཙན་ལགས་འདས་གྲོངས་སུ་གྱུར་ནས་ཞག་ ༤༩ སོང་བའི་ཉིན་ནང་མི་ཚོས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཁོང་གི་དགོས་འདུན་ཞུ་འབོད་རྣམས་ཞུ་སྐུལ་གནང་འདུག བློ་དགའ་རང་བཙན་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་ནས་ཞག་ ༤༩ སོང་བའི་ཉིན་ཏེ་ཕྱི་ཟླ་ ༨ ཚེས་ ༡༩ ཉིན་ཁོང་གི་ཚ་མོ་དང་གཉེན་ཉེ་གཙོ་བོར་གྱུར་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ནིའུ་ཡོག་ས་གནས་གཞོན་ནུའི་ཚོགས་གཙོ་དང་རྒྱུན་ལས། སྤྱི་ཟུར་བསྟན་འཛིན་འཇིགས་མེད་ལགས་བཅས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བཅར་ཏེ་ཨ་རིའི་གཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརཎསི་མཆོག་དང་མཇལ་ཕྲད་ཞུས་ཤིང་། བློ་དགའ་རང་བཙན་ལགས་ཀྱི་ཞུ་འབོད་ཁག་ངོ་སྤྲོད་ཞུས་འདུག་ལ། བློ་དགའ་ལགས་ཀྱི་ཚ་མོ་བསོད་ནམས་ཆོས་སྒྲོན་ལགས་ཀྱིས ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་སྲིད་ལས་ཁུངས་སུ་མཇལ་ཕྲད་གྲུབ་མ་ཐག་འགྲེལ་བརྗོད་གནང་དོན་དུ། བོད་དོན་དམིགས་བསལ་སྐུ་ཚབ་ཀྱིས་ཨ་ཞང་ལགས་(བློ་དགའ་རང་བཙན་) གྱི་ཕ་མ་དང་སྤུན་མཆེད་ཚོར་བོད་ནང་དཀའ་ངལ་འཕྲད་ཀྱི་ཡོད་མེད་སྐོར་བཀའ་རྩད་གནང་གི་འདུག་ལ། རྒྱ་ནག་གཞུང་གིས་ཨ་ཞང་ལགས་ཀྱི་ཕ་ཡུལ་དུ་མི་མང་ཚོར་འདྲི་རྩད་བྱེད་པ་དང་། དམག་མི་སླེབས་ཏེ་དགོན་པ་སོགས་གང་སར་རྩད་ཞིབ་བྱས་ཡོད་པའི་སྐོར་གནས་ཚུལ་ཆ་ཚང་ཞུ་རྒྱུ་བྱུང་ ཞེས་འགྲེལ་བརྗོད་གནང་བྱུང་། བློ་དགའ་ལཊ་ཀྱི་གཉེན་སྤུན་དང་བོད་ཀྱི་གཞོན་ལྷན་སྐུ་ཚབ་བཅས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་ཕྲད་ཀྱི་བློ་དགའ་ལགས་ཀྱི་གནད་དོན་སྐོར་ཞུ་འབོད་གནང་པ། ༢༠༢༦།༠༨།༡༩ (བསྟན་འཛིན་འཇིཊ་མེད།) མཇལ་ཕྲད་འདིའི་སྐབས་བོད་མིའི་སྐུ་ཚབ་རྣམས་ཀྱིས་བློ་དགའ་རང་བཙན་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དང་། སྤྱི་ཡོངས་ཀྱི་བོད་མིའི་གནད་དོན། ལྷག་པར་ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་ལག་བསྟར་འགོ་འཛུགས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དེས་བོད་མི་ཚོར་ཐད་ཀར་དོ་ཕོག་ཇི་ལྟར་ཐེབས་ཀྱི་ཡོད་མེད་དང་། མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ཤིག་ཡིན་པ་ཞུ་འབོད་གནང་འདུག དེ་ཡང་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་གསུངས་དོན་དུ། མཇལ་ཕྲད་སྐབས་ཞུ་ཡིག་ཕུལ་བའི་ནང་དགོས་འདུན་གཙོ་བོ་གསུམ་ཡོད་པ་ནི། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པ་འདི་ཆབ་སྲིད་ཀྱི་ལས་འགུལ་ཡིན་པ་དང་། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་དྲི་བ་ཐོངས་དགོས་ཤིང་། རིང་མིན་ཞི་ཅིན་ཕིང་ཨ་མི་རི་ཀའི་ནང་ཡོང་གི་ཡོད་སྟབས། སྲིད་འཛིན་ཊམཔ་མཆོག་དང་མཇལ་མོལ་ཞུས་པའི་སྐབས་ངེས་པར་དུ་བོད་ཀྱི་གནད་དོན་ཐོག་ལ་བཀའ་མོལ་གནང་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་གཏན་འབེབས་ལག་བསྟར་བྱེད་པའི་ཁྲིམས་འདི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་མིན་པར་མི་རིགས་རྩ་བརླག་གཏོང་བའི་ཁྲིམས་ཤིག་ཡིན་པས། ཁྲིམས་འདི་ཕྱིར་འཐེན་ཡོང་བར་ཤུགས་བསྐྱོན་དགོས་པ། བོད་ནང་དཀའ་ངལ་གང་ཞིག་འཕྲད་ཀྱི་ཡོད་པ་ཡོངས་སུ་རྒྱ་ནག་གཞུང་གིས་འགན་འཁྱེར་དགོས་པ་བཅས་དོན་ཚན་གསུམ་གྱི་ཐོག་ལ་ཞུ་གཏུག་བྱས་པ་ཡིན ་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། སྤྱི་ཟུར་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གསུངས་དོན་དུ། བློ་དགའ་རང་བཙན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་བསྲེགས་གནང་སྟེ་ཞག་ ༤༩ སོང་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་ནས་སྐུ་ཚབ་གཅིག་ཀྱང་མ་ཕེབས་པ་འདིར་བློ་ཕམ་ཡོད་པ་དང་། རྒྱལ་ཚོགས་ཀྱི་སྐུ་ཚབ་མར་ལས་འགུལ་སྤེལ་ཡུལ་དུ་ཕེབས་ཏེ་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་གནང་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་ཡིན་པ་ནན་ཏན་གྱིས་ཞུས་པ་ཡིན། འདིའི་ཐོག་ལ་ཁོང་གིས་ངོས་ནས་ཤུགས་བསྐྱོན་རྒྱུ་ཡིན་པ་གསུངས་བྱུང་ཞེས་དང་། རིང་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཞིག་འཚོགས་རྒྱུ་ཡིན་པར། འདིའི་སྐབས་སུ་བོད་དོན་ཐོག་ལ་ངེས་པར་དུ་གླེང་སློང་དགོས་རྒྱུ་གལ་ཆེ་ཡིན་པ་དང་། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་གནད་དོན་སྐོར་ལ་ཡང་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་ ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལན་འདེབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀའ་དྲི་ཞུས་དུས། མཇལ་ཕྲད་བྱུང་པ་འདི་ཁས་ལེན་ར་སྤྲོད་གནང་ཡང་། མཇལ་ཕྲད་སྐབས་སུ་བཀའ་མོལ་ཇི་གནང་བཀའ་འདྲི་ཞུས་པ་དེར་འགྲོ་ལུགས་ཀྱི་ཐོག་ནས་ལན་འདེབས་གནང་སྲོལ་མེད་པ་གསུངས་པ་དང་ཆབས་ཅིག ཕྱི་སྲིད་ལས་ཁུངས་ཀྱིས་ཡིག་ཐོག་ལན་འདེབས་གནང་པའི་ནང་། མགྲིན་ཚབ་པ་ཞིག་གིས། ཨ་རིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུ་དང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ལ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་ལ། བོད་མི་ཚོར་གཞན་གི་ཐེ་ཇུས་མེད་པར་ཆོས་ལུཊ་ཀྱི་དབུ་ཁྲིད་རང་དབང་གིས་འདེམས་སྒྲུག་དང་གུས་བཀུར་བྱེད་འཇུག་དགོས་པ་རེད་ ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༨ ཚེས་ ༡༩ ཉིན་ལན་འདེབས་གནང་བྱུང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལེན་འདེབས་གནང་བརྗོད་བྱུང་།། འཛམ་གླིང་ས་ཕྱོགས་གང་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་གནང་སྟེ་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་ཞུས་པ། མཉམ་འབྲེལ་རྒྱལ་ཚོགས་མདུན་ནས་ཁྱབ་པའི་བོད་དོན་ལས་འགུལ་མུ་མཐུད་པ། བོད་དོན་ལས་འགུལ་པ་བློ་དགའ་རང་བཙན་ལགས་ཀྱིས་ནིའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་མདུན་དུ་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་སོང་ནས་ཉིན་ལྔ་བཅུ་ཕྱིན་པའི་མཚམས་འདིར། བློ་དགའ་རང་བཙན་ལགས་ཀྱིས་རང་སྲེག་གནང་ཡུལ་དུ་མཆོད་མེ་དང་མེ་ཏོག་གི་རྭ་བ་ཞིག་བཟོས་པའི་རྗེས་དྲན་ས་ཁུལ་དེ་ནིའུ་ཡོག་གྲོང་ཁྱེར་གྱི་བཀོད་སྒྲིག་ལྟར་གཞི་ཁྱོན་ཆུང་དུ་བཏང་ཡོད་པ་ནིའུ་ཡོཀ་ནས་དྭང་བླངས་ལས་འགུལ་བ་ཕུར་བུ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་རུང་། བོད་དོན་ལས་འགུལ་ནི་མཚམས་ཆད་མེད་པར། ས་གནས་ཁག་ཏུ་རྣམ་པ་མི་འདྲ་བའི་ཐོག་ནས་མུ་མཐུད་སྤེལ་བཞིན་འདུག མཉམ་འབྲེལ་རྒྱལ་ཚོགས་མདུན་ནས་ཁྱབ་པའི་བོད་དོན་ལས་འགུལ་མུ་མཐུད་པ། ཡང་རྗེས་དྲན་འདི་མུ་མཐུད་གནས་ཐབས་ཆེད་གྲོང་ཁྱེར་གྱི་སྤྱི་ཁྱབ་ལས་ཁུངས་སོགས་ལ་ཞུ་གཏུག་གནང་བཞིན་ཡོད་འདུག་ལ། ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པའི་ཁོངས་སུ་ཚེས་ ༢༠ ཉིན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བའི་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག ཨ་རིའི་ནིའུ་ཡོག་ས་གནས་སྐོར་སྲུང་ལས་ཁུངས་སུ་ས་ཚིགས་འདིའི་གནས་བབ་ཇི་ཆགས་ཐད་བཀའ་དྲི་ཞུས་པར་ལན་འདེབས་གནང་མ་བྱུང་། པོར་ཊི་ལནཌི། ཨ་རི། ཡང་ཨ་རིའི་པོར་ཊི་ལནཌི་ས་གནས་གཞོན་ནུས་གོ་སྒྲིག་འོག་བོད་མི་ ༡༡ གིས་ཞི་བའི་གོམ་བགྲོད་གནང་སྟེ། གྲོས་ཚོགས་འཐུས་མིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་ཕྱིར་འཐེན་དང་། ཨ་རིའི་གྲོས་ཚོགས་ནང་གི་བོད་འབྲེལ་ཁྲིམས་འཆར་གཉིས་ལ་རྒྱབ་སྐྱོར། བོད་མིའི་སྐད་ཡིག་དང་རིག་གཞུང་། ཆོས་དད་དང་ངོ་བོའི་ཐོབ་ཐང་སྲུང་སྐྱོབ་བཅས་ཀྱི་ཐད་འབོད་སྐུལ་གནང་ཡོད་འདུག་ལ། པོར་ཌི་ལནཌི་ནས་སེ་ལམ་བར་གྱི་རྒྱང་ཐག་མཡེལ་ ༥༠ ཙམ་གྱི་ལས་འགུལ་མཇུག་སྒྲིལ་གནང་སྐབས་ཨ་རིའི་གྲོས་ཚོཊ་གོང་མའི་འཐུས་མི་ འཇེཕ་མརྐ་ལིའི་སྐུ་ཚབ་ Gustav Guerraro ལཊ་ཆེད་ཕེབས་ཀྱིས་སྣེ་ལེན་གནང་འདུག ཨ་རིའི་གྲོས་ཚོཊ་འཐུས་མི་འཇེཕ་མརྐ་ལིའི་སྐུ་ཚབ་ཆེད་ཕེབས་ཀྱིས་སྣེ་ལེན་གནང་པ། ༢༠༢༦།༨།༢༠ (ས་གནས་བོད་ཀྱི་གཞོན་ལྷན།) ནོར་བུ་ཚེ་རིང་དང་ས་གནས་གཞོན་ནུའི་ཚོགས་གཞོན་ཀུན་བཟང་ལགས་ཀྱིས་གསུངས་དོན་ལྟར་ན། ས་གནས་བོད་མི་ཚོས་གྲོས་ཚོགས་ཀྱི་འཐུས་མི་ཚོར་མུ་མཐུད་ཞུ་སྐུལ་དང་གླེང་སློང་དགོས་པའི་ཕྱག་བྲིས་ཕུལ་བ་དང་། ཞུ་གཏུག་མུ་མཐུད་གནང་རྒྱུ་ཡིན་པ་གསུང་གི་འདུག བློ་དགའ་རང་བཙན་ལགས་དམ་པའི་རྗེས་དྲན་ཞུ་ཡུལ་ས་ཚིགས་འདི་ཆུང་དུ་ཕྱིན་ཡོད་ཀྱང་། བོད་དོན་ལས་འགུལ་གྱི་རྒྱུན་འདི་རྣམ་པ་འདྲ་མིན་ཐོག་ནས་མུ་མཐུད་སྤེལ་བཞིན་ཡོད་འདུག་ལ། ལས་འགུལ་འདྲ་མིན་འདི་རྣམས་གཞུང་དང་གྲོས་ཚོགས་ལ་ཐད་ཀར་འབོད་སྐུལ་བྱེད་པའི་རྣམ་པར་འགྱུར་བཞིན་ཡོད་འདུག ཨོསི་ཊརེ་ལི་ཡ། བོད་དོན་ལས་འགུལ་དེ་ཨ་རི་ཙམ་མ་ཟད། ད་དུང་ ཨོསི་ཊརེ་ལི་ ཡར་མཚོན་ན། གྲོས་ཚོགས་མདུན་དུ་བློ་དགའ་རང་བཙན་ལགས་དམ་པར་རྗེས་དྲན་དང་གྲོས་ཚོགས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་འདིར་ངོས་ལེན་མེད་པའི་འབོད་སྐུལ་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་འདུག་ལ། རྒྱལ་མཚམས་བརྒལ་བའི་དྲག་གནོན་ལས་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན་ཡོད་པ་ཨོསི་ཊརེ་ལེ་ཤི་ཡའི་སྤྱི་འཐུས་སྐལ་བཟང་ཚེ་རིང་ལགས་ཀྱིས་གསུངས་བྱུང་ལ། ཨོསི་ཊརེ་ལི་ ཡའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུར་ཕེབས་དུས་བོད་དོན་གླེང་རྒྱུའི་འབོད་སྐུལ་ཞུས་གནང་འདུག་ལ། གྲོས་ཚོགས་ཀྱི་འཐུས་མིས་རྒྱབ་སྐྱོར་གནང་འདུག ཨོསི་ཊརེ་ལི་ཡ་གྲོས་ཚོཊ་མདུན་དུ་བོད་དོན་ཚོགས་པ་དང་བོད་མི་ཚོས་སྐྲ་བཞར་གྱི་ལས་འགུལ་སྤེལ་ཞིང་། གྲོས་ཚོགས་འཐུས་མིར་མཇལ་ཕྲད་ཀྱིས་ཞུ་གཏུགས་གནང་འདུག ༢༠༢༦།༨།༢༠ (སྐལ་བཟང་ཚེ་རིང་།) ཁ་སྣོན། ཕྱི་ཚེས་ ༢༠ ཉིན་གྱི་ནིའུ་ཡོཀ་དང་། པོར་ཊི་ལནཌི། ཨོསི་ཊརེ་ལི་ཡའི་གནས་ཚུལ་ཁ་སྣོན་ཞུས་ཡོད། པར་རིས་སྒྲིག་བཟོ་དང་བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

Download options
18 Aug 2026, 16:12 GMT བདེ་སྐྱིད་ཀུན་སྒྲོལ།

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སེར་སྨད་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་ཁྲི་འདོན་གནང་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སེར་སྨད་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་ལ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་བསྩལ་དོན་བཞིན་ཟླ་ ༨ ཚེས་ ༡༨ ཉིན་ར་ཆེ་གཉིས་པའི་གཙུག་ལག་ཁང་དུ་ཁྲི་འདོན་མཛད་སྒོ་གནང་སོང་བ་དང་། ཡང་སྟེང་རིན་པོ་ཆེ་མཆོག་གིས། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་སྔར་ལྷག་སྒྲུབ་ཐུབ་རྒྱུ་དང་། གང་ལྟར་བླ་མ་དབུ་མཛད་བྱས་ཏེ། བསྟན་པ་དང་འགྲོ་བ་སྤྱིའི་ཆེད་དུ་དང་། བོད་བསྟན་པ་ཆབ་སྲིད། རྒྱུད་པ་གྲྭ་ཚང་། རི་བོ་དགེ་ལུགས་པའི་ཆེད་དུ་ངས་གང་བྱེད་ཐུབ་པ་འདུག་ཅེས་བསམ་བློ་གཏོང་རྒྱུ་དེ་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཁྲི་འདོན་མཛད་སྒོའི་སྐབས། ༢༠༢༦།༠༨།༡༨ (RFA Tibetan) དེ་སྔ་ཡང་སྟེང་རིན་པོ་ཆེ་མཆོག་གི་རིན་པོ་ཆེའི་རྒྱུད་པ་ལ་ཚུལ་ཁྲིམས་ཕུལ་ཏེ་དགེ་རྒན་གནང་མྱོང་བ། རྒྱུད་སྟོད་གྲྭ་ཚང་གི་དགེ་བཤེས་སྔགས་རམས་པ་ཐུབ་བསྟན་ཤེས་རབ་ལགས་ཀྱིས། ༧རྒྱལ་དབང་སྐུ་ཕྲེང་བཅུ་བདུན་པའི་དུས་སྐབས་སུ་དགེ་བཤེས་ལྷ་རམས་པ་ཡིན་པ་གང་ཞིག་ལ་ལྷ་རམས་པ་རྩེ་ཕུད་རྣམས་བླ་མ་དབུ་མཛད་གནང་ཐུབ་པའི་སྲོལ་འགོ་ཚུགས་ཤིང་། དེ་ནི་དགའ་ལྡན་ཁྲི་པར་ཕེབས་རྒྱུའི་ལམ་ཁ་སྒོ་དང་པོ་དེ་རེད་ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། ཡང་སྟེང་རིན་པོ་ཆེ་མཆོག་ནི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པའི་དགེ་བཤེས་ལྷ་རམས་པ་རྩེ་ཕུད་གྲས་ཤིག་ཆགས་ཡོད་པ་དང་། རྒྱུད་པར་སྔགས་ཀྱི་སློབ་གཉེར་གནང་བ་མ་ཟད་སྔགས་ཀྱི་རྩོད་རྒྱུགས་སྐབས་སུ་རིན་པོ་ཆེ་ཨང་དང་པོ་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། རིན་པོ་ཆེ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དྭང་ལེན་གནང་སྐབས། ༢༠༢༦།༠༨།༡༨ (RFA Tibetan) སྤྱིར་བླ་མ་དབུ་མཛད་ནི། མདོ་སྔགས་གཉིས་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པའི་འོས་ཆོས་ཚང་བའི་འོས་མིའི་ལོ་རྒྱུས་དང་བཅས་པ་དགའ་ལྡན་ཁྲི་ཐོག་ཁང་ལ་ཕུལ་ཏེ། དེ་ནས་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་པ་གཉིས་ཀྱིས་འདེམས་སྒྲུག་གིས་མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འོས་ཤིང་འཚམ་པའི་གང་ཟག་དེར་ཕྱག་རྟགས་སྩལ་གནང་གི་ཡོད་པ་རེད་འདུག བླ་མ་དབུ་མཛད་ནི་ཆོས་ཕྱོགས་ཀྱི་འགན་ཙམ་མ་ཡིན་པར་གྲྭ་ཚང་གི་ཕྱི་ནང་གི་འདུལ་བ་ཀུན་སྤྱོད། དགེ་འདུན་པའི་ནང་ཁྲིམས་དང་གྲྭ་ཚང་གི་སྒྲིག་གཞི། ཆོ་ག་ཕྱག་ལེན་དང་བསླབ་པ་སློབ་གཉེར་སོགས་ཕྱི་ནང་གཉིས་ཀར་སྤྱི་ཡོངས་ཀྱི་འགན་འཁུར་བཞེས་དགོས་ཤིང་། མཁན་རིན་པོ་ཆེ་ནི་ཆོས་ཕྱོགས་ཀྱི་བྱ་བ་ཁོ་ནའི་ཐུགས་འགན་བཞེས་ཀྱི་ཡོད་པ་རེད་ཅེས་དགེ་བཤེས་སྔགས་རམས་པ་ཐུབ་བསྟན་ཤེས་རབ་ལགས་ཀྱིས་གསུངས་བྱུང་། ༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི་ཕྱི་ལོ་ ༡༩༧༩ ལོར་བོད་ཁམས་འདབ་པར་འཁྲུངས་ཞིང་། ཕྱི་ལོ་ ༡༩༩༠ ལོར་བཙན་བྱོལ་རྒྱ་གར་དུ་འབྱོར་ནས་སེར་སྨད་མཐོ་སློབ་ཏུ་གྲུབ་མཐའ་དང་གཏན་ཚིགས་རིག་པ། འདུལ་བ་དང་མངོན་པའི་སྡེ་སྣོད་སོགས་ལ་སློབ་སྦྱོང་གནང་རྗེས། ཕྱི་ལོ་ ༢༠༠༥ ལོར་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་བྱུང་ཡོད་པ་རེད། དེ་རྗེས་ལོ་གཉིས་རིང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་རྒྱུད་སྡེ་ཁག་ལ་སློབ་སྦྱོང་གནང་སྐབས་སུ། རེ་སྐུལ་གནང་དོན་བཞིན་༸རྒྱལ་བ་ཀརྨ་པ་མཆོག་གི་མཚན་ཞབས་གནང་ཡོད་ཅིང་། ཕྱི་ལོ་ ༢༠༠༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་མངགས་ལྟར་སྐུ་སྒེར་ཡིག་ཚང་དུ་གྲྭ་བཙུན་གྱི་སྡོམ་པ་འབོག་སྩོལ་དང་༸གོང་ས་མཆོག་གི་གསུང་འཕྲིན་དང་རྩོམ་བྲིས་རྣམས་ཕྱོགས་སྒྲིག་གནང་རྒྱུ་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་མུས་ཡིན་པ་རེད་འདུག ༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་ཐེངས་འདིར་བླ་མ་དབུ་མཛད་ཀྱི་ཐུགས་འགན་བཞེས་པ་དང་ལྷན། མུ་མཐུད་དགའ་ལྡན་ཕོ་བྲང་གི་དྲུང་ཆེའི་ཐུགས་འགན་བཞེས་རྒྱུ་ཡིན་པ་རེད་འདུག པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download options
16 Aug 2026, 20:19 GMT འཕྲིན་ལས་ཆོས་སྒྲོན།

མི་རབས་གསུམ་གྱིས་མཉམ་ཞུགས་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་གོམ་བགྲོད་གནང་སོང་།

Download Video
RFA logo
Video
Credit: འཕྲིན་ལས་ཆོས་སྒྲོན།
16 Aug 2026, 20:19 GMT འཕྲིན་ལས་ཆོས་སྒྲོན།

ཨ་མ་དང་། བོུ། ཚ་མོ་བཅས་མི་རབས་གསུམ་གྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་གོམ་བགྲོད་ནང་སྐལ་བཟང་མཐར་ཕྱིན་ལགས་ཀྱི་ཀ་ཁ་ག་ངའི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་སོང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་བཞིན་བོད་བསྟན་པ་ཆབ་སྲིད་ཀྱི་རྩ་བ་ངོ་མར་ཐུགས་ཀྱི་ཡོད་པ་དེ་ཉིད་གཅེས་འཛིན་དང་མི་ཉམས་རྒྱུད་འཛིན་བྱེད་པའི་སྐུལ་མ་གཏོང་ཆེད་སྐལ་བཟང་མཐར་ཕྱིན་ལགས་ཕྱི་ཟླ་ ༧ ཚེས་ ༡༥ ནས་འགོ་འཛུགས་ཀྱིས་རྡ་ས་ནས་ལ་དྭགས་དབར་ཞི་བའི་གོམ་བགྲོད་ཞིག་གནང་ཡོད་པ་དང་ཁོང་ལ་དྭགས་སུ་འབྱོར་རྗེས་ཕྱི་ཚེས་ ༡༤ ཉིན་ལ་དྭགས་ཉེ་མོ་ཡུལ་ནས་སླེ་ཕྱོགས་སུ་གོམ་བགྲོད་གནང་བའི་སྐབས་སུ་བོད་མི་དང་ལ་དྭགས་པ་ཁྱོན་མི་གྲངས་ ༡༠ ཙམ་གྱིས་མཉམ་ཞུགས་གནང་པའི་ཁྲོད་བོད་པའི་བུད་མེད་ཨ་མ་དང་བུ་མོ། ཡང་ཚ་མོ་བཅས་མི་རབས་གསུམ་གྱིས་མཉམ་བཞུགས་གནང་སོང་། སྐལ་བཟང་མཐར་ཕྱིན་ལགས་ཀྱིས་ཀ་ཁ་ག་ངའི་གོམ་བགྲོད་ནང་ལ་དྭཊ་ནས་མི་རབས་གསུམ་གྱིས་མཉམ་ཞུགས་གནང་པ། ༢༠༢༦།༨།༡༥ (RFA Tibetan) དེ་ཡང་བོད་མི་སུ་ཞིག་ཕྱི་ལོ་ ༡༩༥༩ རྗེས་སུ་སྐྱེས་ཡོད་ན་འཐབ་རྩོད་པ་ཞིག་ཡིན་པ་ཕ་མས་རང་གི་བུ་ཕྲུག་ལ་ངོ་སྤྲོད་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་དང་ད་རེས་བསྟན་འཛིན་དཔལ་ལྡན་ལགས་རང་གི་བུ་མོ་ཟླ་བ་ ༩ ཙམ་ལས་མིན་པར་ཁ་གྲགས་ཐུབ་ཀྱི་མེད་ན་ཡང་ཁོང་ཆེན་པོ་ཆགས་ཏེ་ན་སོན་ལོན་སྐབས་རང་གི་ཨ་མས་དེ་འདྲའི་སོ་སོའི་སྐད་ཡིག་གཅེས་སྲུང་གི་གོམ་བགྲོད་ཞིག་ལ་ཁྲིད་འདུག་ཟེར་བའི་བསམ་བློ་ཞིག་འཁོར་ན་བསམ་པའི་ལས་འགན་སྤྲོད་ཆེད་དུ་ཁྲིད་ཡོད་པ་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། དེ་ཡང་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་དོན་དུ་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད་ན་ཡང་མང་པོ་ཞིག་གིས་སྐད་ཡིག་གི་རིན་ཐང་དེ་ལ་དོ་སྣང་སྤྲད་རྒྱུ་དེ་འཚེམས་ལུས་སུ་འགྲོ་ཡི་ཡོད་པའི་ཚོར་སྣང་ཡོད་པ་དང་། ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སོ་སོའི་སྐད་ཡིག་དེ་བཞིན་ག་ཚོད་གལ་ཆེན་པོ་ཡིན་པའི་ཐོག་ཡང་ཡང་བཀའ་སློབ་བསྩལ་ཡོད་པ་དེར་གལ་གནད་དུ་བརྩིས་ཏེ་ད་ལེན་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་གོམ་བགྲོད་ཀྱི་ལས་འགུལ་དེ་གནང་ཡིན་ཞེས་གསུངས་བྱུང་། ཡང་བོད་ནང་གི་གནས་སྟངས་ལ་བལྟས་རྗེས་ང་ཚོ་རང་དབང་ལུང་པའི་ནང་མི་ལུས་ཐོབ་སྟེ་ཡོད་པ་ཚོར་ངས་ཅི་བྱེད་ཐུབ་ཀྱི་རེད་ཟེར་ནས་དུས་རྒྱུན་དུ་བསམ་བློ་འཁོར་གྱི་ཡོད་པ་དང་། དུས་ནས་དུས་སུ་བོད་དོན་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་གནང་དུས་སེམས་ཤུགས་དེ་བཞིན་མང་དུ་འཕར་གྱི་ཡོད་པ་ཕུན་ཚོགས་སྒྲོལ་མ་ལགས་ཀྱིས་གསུངས་བྱུང་། ལ་དྭགས་ཟངས་དཀར་ཡུལ་ལྗོངས་ཀྱི་གཞོན་སྐྱེས་མང་ཆེ་བ་ཞིག་བོད་པའི་སློབ་གྲྭ་ནང་སློབ་སྦྱོང་གནང་རྗེས་འཚར་ལོང་བྱུང་ཡོད་དུས་བོད་པ་ཚོར་སྐྱིད་སྡུག་ཅི་ཞིག་ཕྲད་ན་ཡང་ང་ཚོ་མཉམ་མྱོང་བྱེད་རྒྱུ་དེ་བཀའ་དྲིན་རྗེས་དྲན་བྱེད་པ་ཞིག་ཚོར་གྱི་ཡོད་པ་ལ་དྭགས་ཟངས་དཀར་ལྗོངས་ནས་ཡིན་པ་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་སྐལ་བཟང་མཐར་ཕྱིན་ལགས་དང་མཉམ་གོམ་བགྲོད་ལ་ཕེབས་པའི་དགོས་དོན་ལ་འགྲེལ་བརྗོད་གནང་བྱུང་། དེ་ཡང་ཁོང་གིས་ཐོག་མ་གོམ་བགྲོད་ནང་འགྲོ་རྒྱུའི་སྐོར་རང་གི་ཕ་མར་གཤོད་སྐབས་ཕ་མ་རྣམས་གཉིས་ཀ་སེམས་ཕྲལ་བྱེད་དུས་ཁོང་སྒེར་གྱི་མི་ཚེར་བོད་པའི་སྤྱི་ཚོགས་ཇི་འདྲ་བཀའ་དྲིན་ཆེན་པོ་ཡིན་སྐོར་གསུངས་དུས་ཕ་མས་ཁོང་གིས་གོམ་བགྲོད་གནང་རྒྱུ་དེར་ངོས་ལེན་གནང་ཡོད་པ་གསུངས་བྱུང་། གོམ་བགྲོད་པ་ཀུན་ལ་དྭགས་རྒྱལ་ས་སླེ་ཕྱོགས་ལ་ཕེབས་པའི་ཕེབས་ལམ་དུ་བོད་པ་དང་ལ་དྭགས་པའི་ཚོགས་སྒེར་མང་པོས་ཁོང་ཀུན་ལ་ཕེབས་བསུའི་བསྣེ་ལེན་གྱིས་མཇལ་དར་འབུལ་རྒྱུ་དང་གསོལ་ཇ། ཞལ་ལག་སོགས་ཕུལ་གནང་ཡོད་པ་རེད། འཐུང་ཆུའི་འགྱིག་དམ་སྟེང་ང་བོད་པ་ཡིན་ཞེས་བཀོད་དེ་ཚོང་འགྲེམས་འགོ་འཛུགས་ཀྱིས་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་ཞུ་བཞིན་པ། འཐུང་ཆུའི་འགྱིག་དམ་སྟེང་ང་བོད་པ་ཡིན་ཞེས་བཀོད་དེ་ཚོང་འགྲེམས་འགོ་འཛུགས་ཀྱིས་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་ཞུ་བཞིན་པ། པར་ལེན་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན་དང་། པདྨ་དངོས་གྲུབ།

Download options
15 Aug 2026, 08:57 GMT བདེ་སྐྱིད་ཀུན་སྒྲོལ།

རྒྱ་གར་ལ་རང་བཙན་ཐོབ་ཚུལ་དེས་བོད་ལ་རེ་བ་བཅང་སའི་གཞིར་གྱུར་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུང་གི་འདུག

Download Video
RFA logo
Video
Credit: བདེ་སྐྱིད་ཀུན་སྒྲོལ།
15 Aug 2026, 08:57 GMT བདེ་སྐྱིད་ཀུན་སྒྲོལ།

རྒྱ་གར་ལ་རང་བཙན་ཐོབ་ཚུལ་དེས་བོད་ལ་རེ་བ་བཅང་སའི་གཞིར་གྱུར་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུང་གི་འདུག་ལ། བཙན་བྱོལ་བོད་མི་ཁག་ཅིག་གིས་རྒྱ་གར་ནི་བོད་དོན་འཐབ་རྩོད་ཙམ་མ་ཟད་བོད་མི་སྒེར་གྱི་མི་ཚེ་ལའང་བཀའ་དྲིན་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག གཡོན་ནས་གཡས། སྲིད་སྐྱོང་སྤེན་པ་ཚེ་རིང་། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་། (༢༠༢༦།༨།༡༥ གངས་ཅན་སྐྱིད་གཤོངས།) (RFA Tibetan) རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ལོ་ངོ་ ༨༠ འཁོར་བའི་དུས་དྲན་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོ་ཞིག་བོད་མིའི་སྒྲིག་འཛུགས་རྟེན་གཞི་བྱེད་སའི་གངས་ཅན་སྐྱིད་གཤོངས་སུ་འཚོགས་སོང་བ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ང་ཚོར་བཀའ་དྲིན་ཆེན་པོ་ཞེ་དྲགས་ཡིན་ཞིང་། རྒྱ་གར་གྱི་རང་བཙན་ཐོབ་པའི་ཉིན་མོ་དེས་བོད་མི་རྣམས་ལ་རང་བཙན་མེད་པ་དང་བོད་པ་ཚོར་ཡང་རང་བཙན་འདོད་པའི་རྣམ་པ་ཞིག་མཚོན་གྱི་ཡོད་པས། རྒྱ་གར་ནང་མི་རབས་མང་པོས་རྒྱ་གར་གྱི་རང་བཙན་ཆེད་དུ་དཀའ་ལས་བསྐྱོན་པ་དང་བློས་བཏང་གནང་སྟེ་རྒྱ་གར་རང་བཙན་ཐོབ་པ་དེས་ང་ཚོར་རེ་བ་བཅང་ས་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅིང་། བོད་པའི་སྤྱི་ཚོགས་ནང་དུའང་བློས་གཏོང་གནང་བཞིན་པ་རེད། ཉེ་ལམ་བློ་དགའ་ལགས་ཀྱིས་བློས་བཏང་གནང་བ་དེས་འཕྲལ་མ་ཐག་ཏུ་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར། ཕུགས་རྒྱང་རིང་པོར་ལོ་རྒྱུས་ཀྱི་དེབ་ཐེར་ནང་ལྷག་རྒྱུ་དང་། ནུས་པ་རང་བཞིན་གྱི་ཐོན་གྱི་རེད་ཅེས་གསུངས་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་དབུ་ཁྲིད་རྣམ་པ་དབུ་བཞུགས་ཐོག་རྒྱ་གར་རང་བཙན་གྱི་ཉིན་མོ་སྲུང་བརྩི་ཞུས་པ། བཙན་བྱོལ་བོད་མི་ཁག་ཅིག་གིས་ཐེངས་འདིར་བོད་མི་རྣམས་ལ་རྒྱ་གར་གྱི་བཀའ་དྲིན་དྲན་གསོ་གནང་བ་དང་སྦྲགས། རྒྱ་གར་ནི་བོད་ཀྱི་རྩ་དོན་ཙམ་མ་ཟད་བོད་མི་སྒེར་སོ་སོའི་མི་ཚེའི་ནང་དུའང་བཀའ་དྲིན་ཆེན་པོ་ཡིན་པ་གསུང་གི་འདུག རྡ་རམ་ས་ལའི་གངས་སྐྱིད་དུ་རྒྱ་གར་གྱི་རང་བཙན་དུས་ཆེན་སྲུང་བརྩི་ཞུས་པ། ༢༠༢༦།༨།༡༥ (RFA Tibetan) དེ་ཡང་ནང་སྲིད་ལས་ཁུངས་ནང་ཕྱག་ལས་གནང་བཞིན་པ་ཀརྨ་སྒྲོལ་མ་ལགས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྣེ་ཁྲིད་པའི་བཙན་བྱོལ་བོད་མི་རྣམས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་སྐབས། སྐབས་དེར་རྒྱ་གར་གཞུང་ནས་སྐྱབས་བཅོལ་གྱི་གནས་བབ་གནང་པ་དང་། བོད་པའི་གཞིས་ཆགས་དང་སློབ་གྲྭ་སོགས་ལོགས་སུ་བཙུགས་རྒྱུའི་གོ་སྐབས་གནང་མེད་ཚེ། བོད་ཀྱི་ཆོས་རིག་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་ཐུབ་མེད་པས། ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་རྒྱ་གར་དུ་མཉམ་གནས་ཐོག་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་མི་ཉམས་གོང་འཕེལ་ཐུབ་པ་དེ་རྒྱ་གར་གཞུང་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནང་ཕྱག་ལས་གནང་བཞིན་པ་རྟ་མགྲིན་ལགས་ཀྱིས། རྒྱ་གར་གཞུང་ནི་བཙན་བྱོལ་གཞུང་མང་གཉིས་ལ་བཀའ་དྲིན་ཆེན་པོ་ཡིན་ལ། ང་རང་སྒེར་ལ་མཚོན་ན་ཕ་མ་སྤུན་མཆེད་ཆ་ཚང་རྒྱ་གར་ལ་གྱར་ནས་རྒྱ་གར་རང་ལ་འཚར་ལོངས་བྱུང་། སློབ་གྲྭ་ཆ་ཚང་འགྲིམས་ཏེ་ལས་ཀ་གཉེར་བཞིན་ཡོད་པས་ཉིན་མོ་འདིའི་བརྒྱུད་རྒྱ་གར་གྱི་བཀའ་དྲིན་དྲན་གསོ་བྱེད་ཀྱི་ཡོད་ཅེས་གསུང་གི་འདུག ཡང་དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་ཀུན་བཟང་ལགས་ཀྱིས། བོད་མི་རྣམས་བཙན་བྱོལ་ལ་གྱར་ནས་ལོ་༦༧ འཁོར་བའི་དུས་ཡུན་རིང་། རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་ཀྱི་གོ་སྐབས་བསྐྲུན་ཞིང་རྒྱབ་སྐྱོར་གནང་བར། རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་འདིའི་བརྒྱུད་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ཞེས་གསུངས་བྱུང་། རྩ་བའི་ཕྱི་ལོ་ ༡༧༥༧ ལོ་ནས་རྒྱ་གར་ནི་དབྱིན་ཇིའི་དབང་སྒྱུར་འོག་ཚུད་དེ། ཕྱི་ལོའི་དུས་རབས་ཉི་ཤུའི་ནང་རྒྱ་གར་གྱི་བདག་ཉིད་ཆེན་པོ་གྷན་ངྷི་ཡིས་སྣེ་ཁྲིད་འོག་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྣ་མང་སྤེལ་བའི་བརྒྱུད། ཕྱི་ལོ་ ༡༩༤༧ ལོར་དབྱིན་ཇིའི་རྒྱ་གར་གྱི་སྲིད་སྐྱོང་མཐའ་མ་ (Lord Mountbatten) ལགས་ཀྱི་ཕྱག་ནས་རྒྱ་གར་མི་མང་ལ་རྒྱ་གར་གྱི་རང་དབང་རང་བཙན་ཐོབ་སྟེ་རྩིས་འབུལ་གནང་ཡོད་པ་རེད།། བརྙན་ཐུང་སྒྲིག་སྦྱོར་བ། བཀྲ་དབང་། པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download options