RFA RFA

Radio Free Asia

← Back to Direct feed

ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཁྲོད་ཀྱི་བོད།

17 Sep 2026, 00:43 GMT By སྒྲོལ་དཀར།
Download metadata bundle
RFA logo
Article ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཁྲོད་ཀྱི་བོད།
༢༠༡༨ ལོའི་ཟླ་ ༡༢ ཚེས་ ༡ ཉིན་སྲིད་འཛིན་ཊོམ་དང་སྲིན་འཛིན་ཞི་ཅིན་ཕིང་གཉིས་རྒྱལ་ཁབ་ ༢༠ ཡི་འགོ་ཁྲིད་ཀྱི་ཚོགས་འདུའི་རྗེས་ཀྱི་ཟུར་ཚོགས་སྐབས།
Credit: སྒྲོལ་དཀར།

རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཞི་ཅིན་ཕིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་དོན་གྱི་འཚམས་འདྲིར་སྐྱོད་ནས་ཟླ་ ༩ ཚེས་ ༢༤ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་དང་མཇལ་འཕྲད་གནང་གི་ཡོད་པའི་གནས་ཚུལ་ཡོད་པ་དང་། ཡང་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་འགྱུར་བའི་ནང་ལ་ཡུལ་གཉིས་ཀྱི་དཔོན་རིགས་ནས་ཁ་ཕྱོགས་དགོས་པའི་གནད་དོན་ཇི་ཙམ་ཡོད་མེད་ཐད་ལ་ཡང་སྔོན་དཔག་བྱེད་བཞིན་ཡོད། ཡུལ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས། ༡༩༧༢ ལོར་ཨ་རིའི་སྲིད་འཛིན་ནིག་སོན་གྱིས་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་ ༡༩༧༩ ལོར་ཨ་རི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་གྱི་འབྲེལ་བ་འདི་དངོས་སུ་འགོ་བཙུགས་ཡོད། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཏེང་ཞའོ་ཕིང་གི་སྐབས་རྒྱ་ནག་འདི་བཞིན་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་དང་། ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་ཡི་སྐབས་ཚོང་དོན་དང་མ་རྩ་འཇོག་པའི་འབྲེལ་བ་མྱུར་པོ་དང་རྒྱ་བསྐྱེད་བཏང་ནས་ ༢༠༠༡ ལོར་རྒྱ་ནག་འདི་བཞིན་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ནང་མཉམ་ཞུགས་བྱས་ཡོད། དེའི་སྐབས་སུ་ཨ་རིས། རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་མ་ལག་ནང་བཅུག་ན། རྒྱ་ནག་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་བབ་ལའང་རིམ་བཞིན་སྒོ་མོ་ཕྱེ་བ་དང་འགྱུར་བ་ཡོང་རྒྱུའི་རེ་བ་བྱས་ཡོད། འོན་ཀྱང་ཞི་ཅིན་ཕིང་གི་སྐབས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་འདི་མཉམ་ལས་གཙོ་བོར་བྱེད་པ་ནས་ཐབས་ཇུས་ཀྱི་འགྲན་རྩོད་གཙོ་བོར་འཛིན་པའི་འབྲེལ་བར་འགྱུར་བ་ཕྱིན་ཡོད། ཇོར་ཇི་ཝ་ཤིང་ཊོན་གཙུག་ལག་སློབ་ཆེན་གྱི་ཨེ་ཤེ་ཡའི་ཞིབ་འཇུག་པ་སྐུ་ཞབས་ཀོའོ་སྦའོ་ཧྲེང་ནས་འགྱུར་བ་འདིའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གི་སྲིད་བྱུས་དང་རིན་ཐང་གི་ལྟ་བ་ལ་ཐུག་ཡོད་པར་ངོས་འཛིན་གནང་གི་འདུག རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གིས་རྒྱལ་སྤྱིའི་སྒྲིག་ལམ་དང་ཀུན་ཁྱབ་ཀྱི་རིན་ཐང་དང་ལེན་བྱེད་འདོད་མེད་པ་དེས། ཐོག་མའི་ཕྱོགས་གཉིས་མཉམ་ལས་བྱེད་ཐུབ་པའི་རྨང་གཞི་འདི་རྩ་ཐོར་ཕྱིན་ནས་ད་ཆ་ཨ་རི་དང་རྒྱ་ནག་གཉིས་ཁ་གཏད་དུ་ལངས་པའི་གནད་འགག་གི་དུས་མཚམས་ཤིག་ཏུ་གནས་ཡོད་ཅེས་གསུངས་བྱུང་། ༡༩༩༧ ལོའི་ཟླ་ ༡༠ ཚེས་ ༢༩ ཉིན་སྲིད་འཛིན་ཁ་ལིན་ཊོན་དང་སྲིད་འཛིན་ཅང་ཙེ་མིན་ཕོ་བྲང་དཀར་པོར། (REUTERS) ཨ་རིའི་སྲིད་འཛིན་དང་བོད་དོན། དེའི་སྔོན་ལ་ཞི་ཅིན་ཕིང་ཨ་རིར་སྐྱོད་སྐབས། བཙན་བྱོལ་བོད་མི་ཚོས་བོད་ནང་གི་དྲག་གནོན་དང་ཆོས་དད་རང་དབང་། བོད་སྐད་ཡིག་དང་རིག་གཞུང་ལ་ཉེན་ཁ་འཕྲད་པ་སོགས་བོད་ལ་འཛིན་པའི་སྲིད་བྱུང་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་ལ། བོད་ཀྱི་གནད་དོན་འདི་བཞིན་ཨ་རི་དང་རྒྱ་ནག་གི་འགོ་ཁྲིད་ཀྱི་མཇལ་འཕྲད་ནང་ཐེངས་ཁ་ཤས་གླེང་པ་ཡང་བྱུང་ཡོད། དཔེར་ན། ༡༩༩༧ ལོར་ཅང་ཙེ་མིན་ཨ་རིར་སྐྱོད་སྐབས། སྲིད་འཛིན་བྷིལ་ ཁི་ལིན་ཊོན་གྱིས་བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་སྐོར་ལ་རྒྱ་ནག་གཞུང་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབར་དོན་ཕན་ལྡན་པའི་གྲོས་མོལ་བསྐྱར་གསོ་དགོས་པ་བརྗོད་ཡོད། ༢༠༠༦ ལོར་སྲིད་འཛིན་སྦུཤི་དང་ཧུའུ་ཇིང་ཐའོ་མཇལ་འཕྲད་སྐབས་བོད་དོན་གླེང་ཡོད་ལ། ལྷག་པར་དུ་ཞལ་པར་བཏང་ནས་བོད་དོན་གླེང་ཡོད། ༢༠༡༡ ལོར་ཧུའུ་ཅིན་ཐའོ་ཨ་རིར་སྐྱོད་སྐབས། པེ་ཅིན་གྱིས་བོད་དང་ཐའེ་ཝན་ནི་རྒྱ་ནག་གི་ཁེ་ཕན་གཙོ་བོ་ཟེར་བ་དང་མངའ་ཁོངས་ཆ་ཚང་ལ་འབྲེལ་བའི་གནད་དོན་ཡིན་པར་བརྗོད་ཡོད། སྲིད་འཛིན་ཨོ་བྷ་མས། བོད་མིའི་ཆོས་དད་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་ཆེད་བོད་རྒྱའི་གྲོས་མོལ་ལ་རྒྱབ་སྐྱོར་ཡོད་པ་བསྐྱར་ནན་གནང་ཡོད། ད་ཆ་ཨ་རིའི་བོད་དོན་སྲིད་ཇུས་དེ་སྲིད་འཛིན་རེ་རེའི་ཁྲོད་ནས། ༢༠༠༢ ལོའི་བོད་ཐོག་སྲིད་བྱུས་ཀྱི་ཁྲིམས་དང་། ༢༠༡༨ ལོའི་བོད་དུ་སྐྱོད་པའི་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས། ༢༠༢༠ ལོའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས། ༢༠༢༤ ལོའི་བོད་རྒྱའི་རྩོད་རྙོག་ཐག་གཅོད་ལ་སྐུལ་འདེད་གཏོང་བའི་ཁྲིམས་བཅས་ཀྱི་ཐོག་ནས་གཏན་འབེབས་བྱས་ཡོད། སྐུ་ཞབས་ཀོའོ་སྦའོ་ཧྲེང་ནས་ད་ལྟའི་ཆར་བོད་ཀྱིས་དབུས་ཤར་རྒྱལ་ཁབ་ཀྱི་སྟོབས་ཤུགས་འབྲིང་བ་ཡུལ་གྲུར་བརྟེན་དགོས། ཁོང་ཚོས་ཀུན་ཁྱབ་ཀྱི་རིན་ཐང་ལ་མཐོང་ཆེན་བྱེད་ཀྱི་ཡོད་པས། དེར་བརྟེན་བོད་ལ་རྒྱབ་སྐྱོར་བྱེད་ཀྱི་རེད། འགྲོ་བ་མིའི་མིའི་ཐོབ་ཐང་དང་རང་དབང་ལ་བརྩི་བཀུར་དགོས་པའི་ཐོག་འབོད་སྐུལ་བྱེད་ཀྱི་རེད། འདིའི་ཐད་ཨ་རིའི་གྲོས་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་ལས་ཀ་ཧ་ཅང་ཡག་པོ་བྱེད་བཞིན་ཡོད་ཅེས་བརྗོད་བྱུང། ད་རེས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (USCIRF) ནས་ཟླ་ ༩ ཚེས་ ༡༤ ཉིན་གསལ་བསྒྲགས་ཤིག་སྤེལ་ཏེ་སྲིད་འཛིན་ཊམཔ་ལ་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་སྐབས་རྒྱ་ནག་གི་ཆོས་ལུགས་དྲག་གནོན་མཚམས་འཇོག་དང་། ཆོས་དད་རང་དབང་དང་འབྲེལ་པའི་བཙོན་པ་རྣམས་གློད་དགོས་པ་རེ་སྐུལ་ཞུས་ཡོད་ལ། དེའི་ནང་དང་ འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་བའི་ནང་། ལོ་ངོ་ ༣༡ ལྷག་གི་རིང་གར་ཡོད་ཆ་མེད་ངང་ཡོད་པའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་དང་ཁོང་གི་སྐུ་འཁོར་ནང་མི་ཡང་ཚུད་ཡོད། ༢༠༠༦ ལོར་ཨ་རིའི་སྲིད་འཛིན་སྦུ་ཤེ་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ཨ་རིའི་ཕོ་བྲང་དཀར་པོར། (REUTERS) ཡང་ཨ་རི་དང་རྒྱ་ནག་དམར་ཤོག་ཚོགས་པའི་བར་གྱི་ཐབས་ཇུས་འགྲན་བསྡུར་ཐད་ཀྱི་དམིགས་བསལ་ཆེད་འཛུགས་ཚོགས་ཆུང་དང་། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཚེས་ ༡༥ ཉིན་ཉན་ཞིབ་ཚོགས་ཏེ་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་གནས་སྟངས་སྐོར་སྲིད་འཛིན་ནས་གླེང་གནང་རྒྱུ་འབོད་སྐུལ་གནང་ཡོད་ཅིང་། སྲིད་འཛིན་ཊམཔ་མཆོག་གིས་ཞི་ཅིན་ཕིང་དང་ལྷན་དུ་ཐད་ཀར་བོད་དོན་སྐོར་གླེང་སློང་གནང་ནས་ཞི་ཅིན་ཕིང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་རང་དབང་ལ་གུས་བཀུར་བྱེད་དགོས་པ། དེ་བཞིན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་འབོད་སྐུལ་གནང་རྒྱུའི་རེ་སྐུལ་རྒྱལ་སྤྱིའི་གསར་འགོད་སྒྲིག་འཛུགས་ཀྱི་འགན་འཛིན་དཔལ་ལྡན་རྒྱལ་ལགས་ཀྱིས་གསུངས་ཡོད་འདུག དེ་བཞིན་ཟླ་ ༩ ཚེས་ ༡༦ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས། སྲིད་འཛིན་ཊམཔ་གྱིས་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་སྐབས། བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་གཙོ་བོར་བཞག་སྟེ། ཕྱི་གསལ་དང་ནང་མོལ་གཉིས་ཀའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་ཞེས་རེ་སྐུལ་ཞུས་ཡོད་ཅིང་། རེ་སྐུལ་གནང་བའི་ནང་༧གོང་ས་མཆོག་གི་སྐུ་ཚབ་དང་མང་གཙོའི་ལམ་ནས་བདམས་པའི་བོད་མིའི་འགོ་ཁྲིད་ཚོ་དང་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དོན་ཕན་ལྡན་པའི་གྲོས་མོལ་བསྐྱར་གསོ་དགོས་རྒྱུ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཆབ་སྲིད་བཙོན་པ་གཞན་རྣམས་གློད་གྲོལ་གཏོང་རྒྱུ། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་ཟེར་བ་ཕྱིར་འཐེན་དགོས་པ་དང་། བོད་མི་བཙན་ཤེད་ཀྱིས་རྒྱ་སྒྱུར་བྱེད་པའི་སྲིད་བྱུས་དེ་མཚམས་འཇོག་དགོས་པ་བཅས་རེད་འདུག་ལ། གཞན་ཡང་པཎ་ཆེན་རིན་པོ་ཆེ་གློད་གྲོལ་མ་བཏང་ནའང་། ཨ་རིའི་གཞུང་གི་དཔོན་རིགས་ཚོར་ཁོང་དང་རང་དབང་ངང་མཇལ་འཕྲད་བྱེད་ཆོག་པའི་ཆོག་མཆན་སྤྲོད་དགོས་པ་ཡང་གསུངས་འདུག དེ་མིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ ༢༩ ཡིས་ཞི་ཅིན་ཕིང་ལ་མཉམ་འབྲེལ་ཐོག་ཡོངས་ཁྱབ་ཡི་གེ་ཞིག་བཏང་སྟེ། སྲིད་དོན་བཙོན་པ་གློད་གྲོལ་དང་། རྒྱལ་མཚམས་བརྒལ་བའི་དྲག་གནོན་མཚམས་འཇོག་སོགས་ཀྱི་ཐད། འཕྲལ་དུ་བདེན་དཔང་ར་སྤྲོད་བྱ་ཐུབ་པའི་བྱ་སྤྱོད་སྤེལ་དགོས་ཞེས་རེ་སྐུལ་ཞུས་འདུག འོན་ཀྱང་རེ་སྐུལ་དེ་ཚོ་ཕོ་བྲང་དཀར་པོའི་མཇལ་འཕྲད་ཉིན་སྲིད་འཛིན་ཊམཔ་ནས་གནད་དོན་འདི་དངོས་སུ་འདོན་མིན་ད་དུང་གསལ་པོ་མེད་པ་རེད། སྲིད་འཛིན་ཊམཔ་གྱིས་ཞི་ཅིན་ཕིང་དང་མིས་བཟོས་རིག་ནུས་དང་ཚོང་དོན་སོགས་གནད་དོན་ཕལ་ཆེ་བའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་ཞེས་གསུངས་ཡོད། སྐུ་ཞབས་ཀོའོ་ནས་གསུངས་པར། འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞི་དང་བོད་སྐོར་གྱི་བརྗོད་གཞི་འདི་རྣམས་གཤམ་འོག་ཏུ་ཨ་རིའི་གཞུང་གིས་གྲོས་མོལ་ནང་རྒྱ་ནག་གི་སྐུ་ཚབ་ཚོགས་པར་འདོན་སྲིད་པ་རེད། དེ་འདྲ་ཡོང་སྲིད་པ་ཆགས་ཡོད་ཅེས་བརྗོད་བྱུང་། དེ་འདྲ་ཡིན་ན། གནད་དོན་དེ་དག་གི་གྲས་སུ་བོད་རྒྱའི་གྲོས་མོལ་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། བོད་ཀྱི་ཆོས་དད་རང་དབང་དང་རིག་གཞུང་གི་གནས་བབ་ཀྱང་ཚུད་སྲིད་ཀྱི་རེད་དམ། ཡང་ན། གནད་དོན་འདི་རྣམས་སླར་ཡང་ཚོང་དོན་དང་མིས་བཟོས་རིག་ནུས། ཐའེ་ཝན་དང་བདེ་འཇགས་ཀྱི་གྲོས་གཞིའི་རྒྱབ་ཏུ་ལུས་སྲིད་ཀྱི་རེད་དམ། ༢༠༡༡ ལོའི་ཟླ་ ༡ ཚེས་ ༡༩ ཉིན་སྲིད་འཛིན་ཨོ་བྷ་མ་དང་སྲིད་འཛིན་ཧུའུ་ཇིང་ཐའོ་ཕོ་བྲང་དཀར་པོར། (REUTERS) ཨ་རི་དང་རྒྱ་ནག་གི་ད་ལྟའི་གནས་སྟངས། ད་ལྟ་ཡུལ་གཉིས་ཀྱི་འགལ་ཟླའི་གནས་སྟངས་ནི་སྒོ་ཁྲལ་དང་ཚོང་དོན། མིས་བཟོས་རིག་ནུས། ཕྲ་རྡུལ་གློག་ཆས། དྲ་རྒྱའི་བདེ་འཇགས། གནད་འགག་ལྡན་པའི་གཏེར་རྫས། དེ་བཞིན་ཐའེ་ཝན་དང་རྒྱལ་སྤྱིའི་དབང་ཤུགས་བཅས་གནད་དོན་ཁག་ཅིག་ཚུད་ཡོད། ཐའེ་ཝན་གྱི་གནད་དོན་ཡང་ད་རེས་ཀྱི་གྲོས་མོལ་ནང་འཇོག་སྲིད་པ་གླེང་གི་ཡོད་ཅིང། ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་རྒྱལ་དོན་གྱི་འཚམས་གཟིགས་ལ་ཕེབས་སྐབས་ཐའེ་ཝན་ལ་མཚོན་ཆ་བཙོང་པར་ངོ་རྒོལ་བྱས་ཡོད། འོན་ཀྱང་ཐའེ་ཝན་གྱི་འབྲེལ་བའི་གནད་དོན་ཐོག་ཨ་རིའི་སྲིད་ཇུས་ལ་གྲོས་ཚོགས་དང་ཁྲིམས། བདེ་འཇགས་ལས་ཁུངས་བཅས་ཀྱི་སྟངས་འཛིན་ཡོད་པས། སྲིད་འཛིན་གཅིག་པུས་འགྱུར་བ་གཏོང་བདེ་པོ་མེད། ཞི་ཅིན་ཕིང་ཨ་རིར་མ་སྐྱོད་གོང་། ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་སྒྲིག་འཛུགས་དང་རྒྱ་གར་ལ་ཚོགས་པའི་སྦིརིཀསི་ཚོགས་འདུ། ཨེ་ཇིབ་སོགས་བརྒྱུད། རྒྱལ་སྤྱིའི་ལྷོ་ཕྱོགས་ཟེར་རྒྱལ་ཁབ་ཁག་དང་འབྲེལ་བ་སྔར་ལས་ཟབ་ཏུ་གཏོང་ཐབས་བྱས་ཡོད། འདི་ནི་པེ་ཅིང་གིས་ཨ་རི་དང་གྲོས་མོལ་བྱེད་སྐབས། རང་ཉིད་རྒྱལ་སྤྱིའི་ཐོག་ཁེར་རྐྱང་དུ་གནས་མེད་པ་སྟོན་ཐབས་ཤིག་ཡིན་སྲིད་པར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་ད་རེས་ཨ་རི་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་མཇལ་འཕྲད་ལ་ལྟ་སྐབས། ཚོང་དོན་དང་ཚན་རྩལ་ཐོག་གྲོས་འཆམ་གང་ཡོང་མིན་དང་མཉམ་དུ། འགྲོ་བ་མིའི་ཐོབ་ཐང་དང་ནུས་པའི་བྱུང་ཁུངས་ཀྱི་གསར་སྤེལ། ཨ་རི་དང་རྒྱ་དཀར་ནག་གི་འབྲེལ་བའི་ཁྲོད་བོད་འདི་བཞིན་གནད་འགག་ཇི་ཙམ་ཞིག་ཆགས་ཀྱི་ཡོད་མེད་ཐོག་རྗེས་སུ་བྱ་སྤྱོད་དང་འགྱུར་བ་དངོས་གང་ཡོང་མིན་བཅས་ལ་ལྟ་ཞིབ་བྱ་ཡུལ་ཞིག་ཆགས་ཡོད།།